༢༠༡༣ ཟླ་ ༡༡ ཚེས་ ༢༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༢༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་གོ་སྒྲིག་ཐོག་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་སྨན་ཁང་གི་འགན་འཛིན་རྣམས་དང་འབྲེལ་ཡོད་ལས་བྱེད། དེ་བཞིན་ས་གནས་ཀྱི་འབྲེལ་ཡོད་ལས་བྱེད་རྣམས་ལ་གངས་སྐྱིད་དཔེ་མཛོད་ཁང་གི་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་སྦྱོང་བརྡར་དབུ་འཛུགས་གནང་སོང།
དེ་ཡང་གོང་ཚེས་ཉིན་ས་གནས་ཁག་ ༢༠ བརྒལ་བ་ནས་ཆེད་ཕེབས་གནང་བའི་འབྲེལ་ཡོད་ལས་བྱེད་དང་འཕྲོད་བསྟེན་ལས་ཁུངས་ཀྱི་འབྲེལ་ལས། དེ་བཞིན་གསར་འགོད་པ་བཅས་ཁྱོན་མི་གྲངས་ ༣༠ རྣམས་ལྷན་འཛོམས་ཀྱི་དབུས་སུ་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཆོག་གི་དྲུང་དུ་སྣང་གསལ་ཞལ་ཕྱེ་གནང་གྲུབ་མཚམས་རྟེན་འབྲེལ་མཚོན་སླད་འབྲལ་སིལ་དང་གསོལ་ཇ་བཤམས་ཏེ་སྦྱོང་བརྡར་དུ་ཕེབས་མི་རྣམས་ནས་རིམ་བཞིན་རང་ཉིད་ངོ་སྤྲོད་སྙིང་བསྡུས་རེ་གནང་ཡོད།
དེ་ནས་འཕྲོད་བསྟེན་བཀའ་བློན་མཆོག་གིས་སྦྱོང་བརྡར་དབུ་འབྱེད་ཀྱི་གསུང་བཤད་གནང་དོན། དེ་རིང་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཟབ་སྦྱོང་ཐོག་ཕེབས་པའི་ང་ཚོ་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་དང་དྲུང་འཕར། དེ་བཞིན་ཕྱོགས་མཐའ་ཁག་ནས་ཕེབས་པའི་འབྲེལ་ཡོད་ལས་བྱེད་རྣམ་པ་ཚང་མར་ངས་འཕྲོད་བསྟེན་ལས་ཁུངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་ཞུ་རྒྱུ་ཡིན། བཀའ་ཤག་སྐབས་བཅུ་བཞི་པ་ནས་འགོ་བཙུགས་ཏེ་འཕྲོད་བསྟེན་ལས་ཁུངས་ཐོག་ནས་ལས་དོན་བྱེད་ཕྱོགས་གནད་དོན་ཆེ་བ་ཁག་ལྔ་རྩི་བཞིན་ཡོད། དང་པོ། འཕྲོད་བསྟེན་ལས་ཁུངས་ནས་འཕྲོད་བསྟེན་སྨན་ཁང་དང་གཞིས་ཆགས་སྨན་ཁང་ཁག་ནང་འཕྲོད་བསྟེན་གྱི་གྲངས་ཐོ་ཕྱོགས་བསྡུས་ཚགས་ཚུད་ཡར་རྒྱས་གཏོང་རྒྱུ་གལ་གནད་ཆེ་ཤོས་སུ་རྩི་བཞིན་ཡོད། འདས་པའི་བརྒྱུད་རིམ་ནང་འཕྲོད་བསྟེན་གྱི་གྲངས་ཐོ་ཕྱོགས་བསྡུས་ཐོག་ལ་འཕྲོད་བསྟེན་ལས་ཁུངས་ནས་ལས་གཞི་མང་དག་ཅིག་སྤེལ་ཡོད། ཐེངས་འདིས་གཉན་ནད་རེག་དུག་གི་ལས་གཞི་ཐེངས་གསུམ་པ་འདི་ཆགས་ཡོད། སྤྱིར་བཏང་སྨན་ཁང་ཁག་ནས་འཕྲོད་བསྟེན་གྱི་གྲངས་ཐོ་དེ་སྨན་ཁང་དུ་ཡོང་མཁན་གྱི་ནད་པ་ཙམ་མ་གཏོགས་སླེབས་ཐུབ་ཀྱི་མེད། ཕྱི་ལོ་ ༢༠༡༤ ཟླ་ ༡ ནས་བཟུང་སྨན་ཁང་དུ་ཡོང་མཁན་གྱི་ནད་པ་ཙམ་མ་ཡིན་པར་ཁྱིམ་ཚང་སོ་སོའི་ནང་གཙོ་བོ་མ་དང་བྱིས་པའི་འཕྲོད་བསྟེན་ཆགས་ཀྱི་ཡོད་པར་བརྟེན། ང་ཚོ་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་ཁྱིམ་ཚང་རེ་རེའི་ནང་བཅར་ཏེ་གྲངས་ཐོ་ཕྱོགས་བསྡུས་ཆ་ཚང་བ་སླེབས་ཐུབ་རྒྱུར་འབད་བརྩོན་ཞུ་རྒྱུ་ཡིན། ས་གནས་ཁག་མང་པོ་ཞིག་ལ་འཕྲོད་བསྟེན་ལས་བྱེད་མེད་པ་ཡོང་སྲིད་པས་དེ་དག་ལ་ས་གནས་ལས་ཁུངས་བརྒྱུད་ནས་གྲངས་ཐོ་འཕྲོད་བསྟེན་ལས་ཁུངས་སུ་སླེབ་ཐུབ་པ་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
གཉིས་པ། འཕྲོད་བསྟེེན་ལས་ཁུངས་འདི་ཕྱི་ལོ་ ༡༩༨༡ ལོར་དབུ་བཙུགས་པ་བཟུང་གལ་ཆེ་ཤོས་ནད་གཞི་སྔོན་འགོག་བྱ་རྒྱུ་དེ་རྩི་བཞིན་ཡོད། སྔོན་འགོག་དང་འཕྲོད་བསྟེན་གོང་འཕེལ་གཏོང་རྒྱུ་གཞིར་བཞག་ཐོག་ལོ་ལྟར་ལས་གཞི་མང་དག་ཅིག་སྤེལ་གྱི་ཡོད། འཛམ་གླིང་རྒྱལ་ཁབ་གང་དུ་ཡིན་རུང་ནད་གཞི་སྔོན་འགོག་དང་འཕྲོད་བསྟེན་གོང་འཕེལ་གཏོང་རྒྱུ་དེ་གལ་ཆེ་ཤོས་རྩི་བཞིན་ཡོད། མ་དང་བྱིས་པའི་འཕྲོད་བསྟེན་ཚང་མར་ཁྱབ་ཐུབ་ཀྱི་ཡོད་པར་བརྟེན་ཚང་མས་མཐུན་རྐྱེན་ལེན་ཐུབ་པ་གནང་རོགས། ས་གནས་ཁག་མང་དག་ཅིག་ནས་མ་དང་བྱིས་པའི་འཕྲོད་བསྟེན་རིས་མེད་ཐོག་མཐུན་རྐྱེན་བསྐྲུན་གྱི་ཡོད་པའི་གནས་སྟངས་དེ་ཤེས་ཀྱི་མི་འདུག དེ་དག་ཤེས་པ་བཟོ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་འཕྲོད་བསྟེན་ཉིན་མོ་སྲུང་བརྩི་ཞུ་རྒྱུ་ཁག་ཉི་ཤུ་ཙམ་ཞིག་འདུག་པས་དེ་དག་དང་སྟབས་བསྟུན་འཕྲོད་བསྟེན་སྐོར་མང་ཚོགས་ལ་གོ་རྟོགས་སྤེལ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། མདོར་ན། འཕྲོད་བསྟེན་གྱི་སློབ་གསོའི་ལས་གཞི་ཁག་སྔར་ལྷག་སྤེལ་རྒྱུ་གལ་འགངས་ཆེན་པོ་ཆགས་ཀྱི་འདུག ང་ཚོ་སྤྱི་ཚོགས་ནང་འགོས་ནད་མ་ཡིན་པའི་ནད་གཞི་མང་དག་ཅིག་ཡོང་གི་འདུག་པས་དེའི་ཐོག་ས་གནས་ཁག་ཏུ་གོ་རྟོགས་སྤེལ་དགོས།
གསུམ་པ། དབུས་འཕྲོད་བསྟེན་ལས་ཁུངས་ཀྱིས་གཙོས་ས་གནས་སྨན་ཁང་ཁག་གི་ལས་བྱེད་ཚོའི་འཕྲོད་བསྟེན་སྐོར་གྱི་ཤེས་བྱ་དང་ནུས་ཤུགས་གོང་འཕེལ་གཏོང་རྒྱུ་དེ་རེད། དཔེར་ན། འཕྲོད་བསྟེན་གྱི་སྨན་ཞབས་པ་ཚོར་ཕྲུ་གུ་སྐྱེས་གསོའི་ཟབ་སྦྱོང་སྤྲོད་ཀྱི་ཡོད། རིམ་བཞིན་ཕྲུ་གུ་སྐྱེས་རྒྱུ་རྣམས་གང་ཐུབ་ཅི་ཐུབ་ཀྱིས་ང་ཚོའི་སྨན་ཁང་དུ་སྐྱེས་ཐབས་བྱེད་དགོས། ལས་བྱེད་ཚོའི་ནུས་ཤུགས་གོང་འཕེལ་གཏོང་ཆེད་ང་ཚོས་ཟབ་སྦྱོང་ ༡༨ ལྷག་ཙམ་གོ་སྒྲིག་ཞུས་ཡོད་ལ་ད་དུང་ཡང་ལྷག་ཡོད། ཚང་མས་ཟབ་སྦྱོང་ལ་མཉམ་ཞུགས་གནང་རོགས་ཞུ་རྒྱུ་ཡིན། ང་ཚོས་ཟབ་སྦྱོང་སྤྲོད་དགོས་པའི་དམིགས་ཡུལ་ནི་ལས་བྱེད་རང་ཉིད་ཀྱི་འཕྲོད་བསྟེན་སྐོར་གྱི་ཤེས་བྱ་ཡར་རྒྱས་གཏོང་སླད་རེད། དེར་གཞིགས་པའི་མང་ཚོགས་ལ་གོ་རྟོགས་དང་འབྲེལ་བའི་ཞབས་འདེགས་ལེགས་པ་ཞུ་ཐུབ་ཀྱི་རེད།
བཞི་པ། སྨན་བཅོས་ལྟ་སྐྱོང་གི་ལས་གཞི་འདི་རེད། ནད་གཞི་ཛ་དྲག་ཆེ་བའི་རིགས་ཕྱི་ཕྱོགས་ལ་སྨན་གཏུག་བྱེད་དགོས་ཀྱི་ཡོད། གང་ལ་ཞེ་ན། ང་ཚོའི་སྨན་ཁང་ནས་མཐུན་རྐྱེན་འདང་གི་མེད། དེ་སྔ་ཡིན་ན་ང་ཚོར་ཛ་དྲག་སྨན་བཅོས་མ་དངུལ་ཞེས་པ་ཞིག་ཡོད། དེའི་ཐོག་ནས་མང་ཚོགས་ཕྱི་ཕྱོགས་སུ་སྨན་གཏུག་བྱེད་རིགས་འཕྲོད་བསྟེན་ལས་ཁུངས་ལ་ལོ་ལྟར་སྨན་བཅོས་ཀྱི་བདེ་སྡུག་ཞུ་མཁན་མི་སུམ་བརྒྱ་བཞི་བརྒྱ་ཆགས་ཀྱི་འདུག དེར་བརྟེན་བཀའ་ཤག་སྐབས་བཅུ་གསུམ་པ་ནས་དེའི་ཐོག་གྲོས་བསྡུར་དང་འབྲེལ་དགོངས་པ་ཆེ་བཞེས་ཀྱིས་སྨན་བཅོས་ལྟ་སྐྱོང་གི་ལས་གཞིའི་སྲིད་བྱུས་གཏན་ལ་ཕབ་པ་རེད། དེ་བརྒྱུད་ནས་མང་ཚོགས་ལ་སྔར་ལྷག་མཐུན་རྐྱེན་བསྐྲུན་རྒྱུའི་དམིགས་ཡུལ་བཟུང་ཡོད། ལས་གཞི་འདི་དངོས་སུ་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡ ཉིན་ལག་བསྟར་བྱས་ཡོད། ད་ལྟའི་ཆར་སྨན་བཅོས་ལྟ་སྐྱོང་ལས་གཞི་རིམ་པ་གསུམ་པ་ཆགས་ཡོད། ང་ཚོ་བཙན་བྱོལ་བའི་གནས་བབ་ལ་གཞིགས་པའི་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་འདི་རླབས་ཆེན་ཞིག་རེད་བསམས་ཀྱི་ཡོད། དཔེར་ན། ཨ་རིའི་མི་དམངས་ས་ཡ་བཞི་བཅུ་ལྷག་ལ་འཕྲོད་བསྟེན་གྱི་ཉེན་སྲུང་མེད་པ་རེད། ང་ཚོ་འདི་གར་སྒོར་སུམ་སྟོང་ལ་སྒོར་འབུམ་གཅིག་གི་མཐུན་རྐྱེན་སྦྱར་གྱི་ཡོད། དེར་བརྟེན་མང་ཚོགས་ལ་སྨན་བཅོས་ལྟ་སྐྱོང་ལས་གཞིའི་དམིགས་ཡུལ་དང་ཕན་ཐོགས་སྐོར་འགྲེལ་བཤད་གསལ་པོ་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོའི་སྤྱི་ཚོགས་ནང་གི་མི་བརྒྱ་ཆ་དགུ་བཅུ་ཙམ་ལ་འཕྲོད་བསྟེན་གྱི་ཉེན་སྲུང་མེད། དེར་བརྟེན་སྒྲིག་འཛུགས་ངོས་ནས་ཐེངས་དང་པོ་འཕྲོད་བསྟེན་གྱི་ཉེན་སྲུང་མཐུན་རྐྱེན་སྦྱོར་རྒྱུའི་ཆ་རྐྱེན་ཞིག་བསྐྲུན་གྱི་ཡོད་པས། དེའི་ནང་ཚང་མས་ཕྱར་གྲུ་མཉམ་འདེགས་ཐོག་ནས་མཉམ་ཞུགས་གནང་རྒྱུ་གལ་ཆེན་པོ་ཆགས་ཀྱི་འདུག
ལྔ་པ། ང་ཚོའི་གཞིས་ཆགས་ཁུག་ཀྱོག་རིགས་ལ་འཕྲོད་བསྟེན་མཐུན་འགྱུར་རྣམས་ད་དུང་ཡང་ཞན་པོ་ཡོད་སྟབས། དེ་དག་ལ་ལས་བྱེད་དང་སྨན་ཁང་གི་མཐུན་རྐྱེན་རྒྱས་སྤྲོས་མེད་པའི་ཐོག་ནས་ས་གནས་ཀྱི་གནས་བབ་ལ་གཞིགས་པའི་སྨན་ཁང་གི་མཐུན་རྐྱེན་དང་ལས་བྱེད་སོགས་ཐོག་ལ་ཡར་རྒྱས་གཏོང་རྒྱུར་འབད་བརྩོན་ཞུ་བཞིན་ཡོད། ཅེས་གསུང་བཤད་གནང་ཡོད།
ལྷག་པར་བཀའ་བློན་མཆོག་གིས་སྨན་བཅོས་ལྟ་སྐྱོང་གི་ལས་གཞིའི་དམིགས་ཡུལ་སྐོར་ལ་གསུང་བཤད་གནང་དོན། སྨན་བཅོས་ལྟ་སྐྱོང་ལས་གཞི་འཛུགས་དགོས་དམིགས་གཙོ་བོ་ནི་ང་ཚོར་སྔར་མེད་སྨན་བཅོས་ཀྱི་རིམ་པ་གཉིས་པ་གསུམ་པའི་དཔལ་འབྱོར་རྒྱབ་རྟེན་སྦྱར་རྒྱུའི་དམིགས་ཡུལ་ཞིག་བཟུང་ཡོད། ད་ལྟའི་ཆར་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་ཚོགས་ཞུགས་གནང་མཁན་ལོ་དང་པོ་དང་གཉིས་པ་བསྡུར་ན། མི་སྟོང་ཕྲག་གཉིས་སུམ་ཙམ་ཞིག་མང་དུ་ཕྱིན་ཡོད། འོན་ཀྱང་ང་ཚོས་དམིགས་ཚད་བཟུང་བ་བཞིན་ཁ་གྲངས་ལོང་མེད། སྨན་བཅོས་ལྟ་སྐྱོང་གི་ལས་གཞི་འདི་ཐོག་མར་འཆར་གཞི་སྒྲིག་སྐབས་མི་ཁྲི་གཉིས་ཀྱི་དམིགས་ཚད་བཟུང་ཡོད་སྟབས། ས་གནས་ས་ཐོག་ནས་རང་ཉིད་ཀྱི་གཞིས་ཆགས་ཀྱི་མི་འབོར་བརྒྱ་ཆ་ལྔ༌བཅུ་དེའི་ནང་ཞུགས་ཐུབ་པའི་འབད་བརྩོན་གནང་རོགས་ཞུ་རྒྱུ་ཡིན། གལ་ཆེ་ཤོས་དེ་མང་ཚོགས་ལ་ཕྱི་གསལ་ནང་གསལ་ཐོག་ནས་ལས་གཞི་དེའི་ཁེ་ཕན་ངོ་སྤྲོད་གནང་དགོས། སོགས་ཀྱི་གསུང་བཤད་གནང་ཡོད།
དེ་ནས་འཕྲོད་བསྟེན་དྲུང་ཆེ་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ཀྱིས་བཙན་བྱོལ་བོད་མིའི་འཕྲོད་བསྟེན་གནས་སྟངས་སྐོར་ལ་གསུང་བཤད་གནང་གྲུབ་མཚམས་འཕྲོད་བསྟེན་དྲུང་འཕར་ཚེ་རྒྱལ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་དབུ་འབྱེད་ཀྱི་མཛད་སྒོ་གྲོལ།
ཐེངས་འདིའི་ཟབ་སྦྱོང་དེ་བཞིན་ཕྱི་ཚེས་ ༢༦ ནས་ ༢༨ བར་འཚོགས་རྒྱུ་ཡིན་འདུག་པ་བཅས། །