༢༠༡༣ ཟླ་ ༡༡ ཚེས་ ༢༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༢༦ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༤ པའི་ཐོག་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་གོ་སྒྲིག་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ནེ་རུ་གཙུག་ལག་སློབ་གཉེར་ཁང་སྤྱི་ཚོགས་རིག་པ་སྡེ་ཚན་གྱི་ཚོགས་ཁང་དུ་ཌོཀ་ཊར་ཨ་ན་ངྷ་ཀུ་མར་ལགས་དང་མ་ནུ་ངྷ་ཀུ་མར་ལགས་གཉིས་ཀྱིས་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཟུར་པ་ཌོཀ་ཊར་མ་ནུར་ལུ་ར་ཡ་ལགས་ཀྱིས་མི་ཚེའི་ནང་བརྩམས་པའི་བོད་དང་ཧི་མ་ལ་ཡའི་གནད་དོན། དེ་བཞིན་རྒྱ་དཀར་ནག་གཉིས་ཀྱི་གནད་དོན་སྐོར་ལ་བྲིས་པའི་རྩོམ་ཡིག་ཁག་གཅིག་ཕྱོགས་སྒྲིག་བྱས་པའི་བོད་དང་ཧི་མ་ལ་ཡ། རྒྱ་དཀར་ནག་ཅེས་པའི་དཔེ་དེབ་དབུ་འབྱེད་དང་འབྲེལ་བགྲོ་གླེང་ཚོགས་འདུག
དེ་ཡང་དཔེ་དེབ་དབུ་འབྱེད་ཀྱི་སྐུ་མགྲོན་གཙོ་བོ་དགེ་རྒན་ཆེན་མོ་བ་ཁར་ཤོན་ན་ངྷ་ལགས་དང་ལ་དྭགས་བླ་མ་བློ་བཟང་ལགས་གཉིས་གདན་འདྲེན་ཞུས་འདུག དེ་བཞིན་ལྡི་ལི་གཙུག་ལག་སློབ་གཉེར་ཁང་གི་དགེ་རྒན་གངྒ་ན་གིར་ལགས་སོགས་ཀྱིས་དཔེ་དེབ་དང་འབྲེལ་བའི་གསུང་བཤད་གནང་ཡོད། སྐབས་དེར་ནེ་རུ་གཙུག་ལག་སློབ་གཉེར་ཁང་གི་ཌོཀ་ཊར་ཨ་ན་ངྷ་ཀུ་མར་ལགས་ཀྱིས་གསུང་བཤད་གནང་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ལམ་སྟོན་དབུ་ཁྲིད་འོག་བོད་མི་སྐྱབས་བཅོལ་བ་སྟོང་ཕྲག་མང་པོས་དཀའ་ངལ་ལ་གདོང་ལེན་གྱིས་བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབ་གནང་སྟེ་རང་དབང་འཐབ་རྩོད་རྒྱུན་སྐྱོང་གནང་དང་གནང་མུས་རེད། འདས་པའི་ལོ་ངོ་བཅུ་ཕྲག་གཅིག་རིང་བོད་ནང་གི་བོད་མི་ཚོས་རང་དབང་འཐབ་རྩོད་ཤུགས་ཆེ་རུ་བཏང་སྟེ་དུས་ད་ལྟ་བར་བོད་མི་ ༡༢༢ ནས་བོད་ཀྱི་བདེན་དོན་ཆེད་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ཞི་རྒོལ་གནང་ཡོད། འཛམ་གླིང་གི་རང་དབང་འཐབ་རྩོད་ཀྱི་བརྒྱུད་རིམ་ཁྲོད་གཞན་སེམས་ལ་གཡོ་འགུལ་ཐེབས་རྒྱུའི་རང་སྲོག་ཚུན་ཆད་བློས་གཏོང་གནང་མཁན་མང་པོ་དེ་ལྟ༌བུ་ཞིག་བྱུང་མྱོང་མེད། འོན་ཀྱང་ད་ལྟ་ཡང་བོད་དེ་ཛ་དྲག་གི་གནས་སྟངས་འོག་གནས་ཡོད། མདོར་ན། བོད་ཀྱི་རང་དབང་འཐབ་རྩོད་དང་རྒྱ་གར་གྱི་སྲུང་སྐྱོབ། ཧི་མ་ལ་ཡའི་སྲུང་སྐྱོབ་བཅས་ཀྱི་གནད་དོན་ཐོག་ཁོང་གིས་བྲིས་པའི་རྩོམ་ཡིག་ནང་འཁོད་དོན་ལྟར་བསམ་གཞིགས་བྱ་རྒྱུ་མང་དག་ལྡན་འདུག ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།