༢༠༡༣ ཟླ་ ༡༡ ཚེས་ ༢༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༢༥ ཉིན་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩས་གོ་སྒྲིག་འོག་བློན་ཆེན་ལས་ཁུངས་བདུན་གྱིས་གཙོས་བཞུགས་སྒར་ཁུལ་གྱི་རང་དབང་ཅན་སྡེ་ཚན་ཁག་གི་ལས་འཆར་འགན་འཛིན་སོགས་ལས་བྱེད་པ་ཁྱོན་མི་གྲངས་ ༢༩ ལ་ཕྱིའི་གཞུང་དང་རོགས་ཚོགས་ཁག་ནས་རོགས་དངུལ་འདུ་འགོད་དང་འབྲེལ་བའི་ཁྲིམས་ལུགས་ངོ་སྤྲོད་ཀྱི་ཟབ་སྦྱོང་དབུ་འཛུགས་གནང་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་རྡ་ས་གངས་སྐྱིད་དུ་རྟེན་གཞི་བྱས་པའི་བོད་མི་དྭངས་བླང་ཞབས་ཞུ་ཁང་གི་ཡང་སྟེང་ཚོགས་ནང་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོ་ཚོགས་ཡོད། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཆོས་རིག་བཀའ་བློན་མཆོག་གིས་གཙོས། དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་དང། དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེ། གཞན་ཡང་ཟབ་ཁྲིད་ཆེད་གདན་ཞུ་གནང་བའི་ཆེད་ལས་པ། ལས་བྱེད་པ་སོགས་ཀྱི་མཉམ་ཞུགས་ཀྱིས་ཐོག་མར། སྲིད་ཚབ་མཆོག་གིས་ཟབ་ཁྲིད་གནང་མཁན་ཆེད་ལས་པ་དང་ཟབ་སྦྱོང་དུ་མཉམ་ཞུགས་གནང་མཁན་ལས་བྱེད་པ་རྣམ་པར་འཚམས་འདྲི་དང་འབྲེལ། ཉིན་གྲངས་གསུམ་རིང་གི་ཟབ་སྦྱོང་འདིས་མ་འོངས་པར་ཚན་པ་སོ་སོའི་མ་དངུལ་འདུ་འགོད་གནང་ཕྱོགས་ཐད་ལ་ཕན་འབྲས་གང་ཐུབ་ཡོང་པའི་རེ་བ་ཡོད་སྐོར་གསུངས་ཡོད་པ་མ་ཟད།
ལྷག་པར་ཟབ་སྦྱོང་འདིའི་ནང་མཉམ་ཞུགས་གནང་མཁན་ལས་བྱེད་གཞོན་སྐྱེས་ཚོར་མཚོན་ན་མ་འོངས་བོད་མིའི་སྒྲིག་འཛུགས་རྒྱུན་འཁྱོངས་གནང་རྒྱུའི་འགན་འཁྲི་ཡོད་སྐོར་གསུང་དོན། དཔལ་འབྱོར་ལས་ཁུངས་ཀྱི་དགོངས་པ་ཆེ་བཞེས་ཀྱིས་ཟབ་སྦྱོང་འདི་གོ་སྒྲིག་གནང་བ་ཞིག་རེད། མ་འོངས་པར་བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་གང་འདྲ་ཞིག་ཆགས་མིན་ལས་བྱེད་གཞོན་སྐྱེས་ཁྱེད་རང་ཚོར་འགན་འཁྲི་ཡོད། ཁྱེད་རང་ཚོས་ང་ཉིན་ཞིག་ལྷན་ཁང་གཅིག་གི་དྲུང་ཆེའམ་བཀའ་བློན་ཆགས་དགོས་ཀྱི་ཡོད་བསམས་པའི་དམིགས་ཡུལ་འཁྱེར་དགོས། སྤྱིར་བཏང་མ་འོངས་པར་འགན་འཁྱེར་མཁན་ཁྱེད་རང་ཚོ་ཆགས་ཀྱི་རེད། འོན་ཀྱང་འགན་འཁྱེར་མཁན་ཆགས་མིན་དེ་ཁྱེད་རང་ཚོ་སྒེར་སོ་སོར་རག་ལུས་ཡོད། དེར་བརྟེན་སོ་སོའི་ཤེས་རྟོགས་དང་གོ་རྟོགས་ཆེ་རུ་གཏོང་རྒྱུ་གལ་ཆེན་པོ་ཆགས་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་ད་ལྟའི་གནས་སྟངས་དང་མ་འོངས་པའི་ལོ་ལྔ་བཅུའི་ནང་སྒྲིག་འཛུགས་འདི་གང་འདྲ་ཞིག་ཆགས་ཀྱི་ཡོད་མེད་ཁྱེད་རང་ཚོས་དགོངས་པ་བཞེས་དགོས་ཀྱི་རེད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་བཞིན་ཉིན་གྲངས་གསུམ་རིང་གི་རོགས་དངུལ་འདུ་འགོད་ཀྱི་ཟབ་སྦྱོང་འདིའི་ཁྲོད་ཕྱིའི་གཞུང་དང་ཚོགས་སྒེར་ཁག་ནས་རོགས་དངུལ་འདུ་འགོད་ཐད་འབྲེལ་བ་གནང་ཕྱོགས་ཀྱི་ཐབས་བྱུས་དང་ལས་འཆར་འགོད་ཕྱོགས། དེ་བཞིན་རོགས་དངུལ་རྣམས་ཁྲིམས་མཐུན་གྱི་ལམ་ནས་འཚོལ་ཐབས། གཞན་ཡང་ལས་འཆར་རྒྱུན་འཁྱོངས་གནང་རྒྱུ་སོགས་བརྗོད་གཞི་འདྲ་མིན་གྱི་ཐོག་ཟབ་ཁྲིད་གནང་དགོས་དོན་ནི། མ་འོངས་པར་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་རང་དབང་ཅན་གྱི་སྡེ་ཚན་ཁག་གི་མ་དངུལ་འདུ་འགོད་ཀྱི་ལས་དོན་ནུས་པ་གོང་འཕེལ་དང་ཚགས་ཚུད་ཡོང་སླད་ཡིན་འདུག རྩ་བའི་ཉིན་གྲངས་གསུམ་རིང་གི་ཟབ་སྦྱོང་འདིའི་ཐོག་ཟབ་ཁྲིད་གནང་མཁན་ཁོངས་སུ་ལོ་ངོ་སུམ་ཅུའི་རིང་ཕྱག་ལས་གནང་མྱོང་མཁན་(UNICEF) ཞེས་པའི་རྒྱལ་ཚོགས་ཀྱི་བྱིས་པའི་ཤེས་ཡོན་ཐེབས་རྩའི་རོགས་དངུལ་འདུ་འགོད་ཐོག་ཕྱག་ལས་གནང་མྱོང་མཁན་སྐུ་ཞབས་རི་ཆ་ཌི་པོ་ཌེ་སི་(Richard Pordes)ལགས་ཀྱིས་གཙོས་རྒྱ་གར་དང་རྒྱལ་སྤྱིའི་ཁྲོད་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་རོགས་དངུལ་འདུ་འགོད་ཐོག་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་མཁན་སྐུ་ཞབས་ཀུ་ནཱལ་ཝར་མ་(Kunal Verma)ལགས། ལྕམ་སྐུ་ཟླ་བ་ཌེམ་(Dawa Dem)ལགས་བཅས་ཡིན་འདུག
ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ཁོངས་སུ་བོད་མིའི་སྒྲིག་འཛུགས་ཀྱི་བློན་ཆེན་ལས་ཁུངས་ཁག་གི་རོགས་དངུལ་འདུ་འགོད་སོགས་ཀྱི་ལས་འཆར་དང་འབྲེལ་བའི་ལས་བྱེད་པ་རྣམས་དང། དེ་བཞིན་སྨན་རྩིས་ཁང་། རྡ་སྟེང་བོད་ཁྱིམ། རྡ་ས་བོད་ཀྱི་དཔེ་མཛོད་ཁང་། ཟློས་གར། དེ་བཞིན་བདེ་ལེགས་སྨན་ཁང་དང། སམ་བྷོ་ཊ་སོགས་རང་དབང་ཅན་གྱི་སྡེ་ཚན་བཅས་ནས་རོགས་དངུལ་འདུ་འགོད་དང་འབྲེལ་བའི་ལས་བྱེད་པ་ཁྱོན་མི་གྲངས་ ༢༩ མཉམ་ཞུགས་གནང་ཡོད་འདུག