༢༠༡༣ ཟླ་ ༡༡ ཚེས་ ༢༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༢༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་གཞུང་ཆེན་རིགས་གཅིག་རྐང་འཛིན་མཁས་པའི་ཚོགས་ཆུང་གི་ལྷན་ཚོགས་ཐེངས་དང་པོ་སྐོང་ཚོགས་གནང་སོང།
དེ་ཡང་གོང་ཚེས་ཉིན་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ནས་མཁན་པོ་དང་དགེ་བཤེས་ཁྱོན་མི་གྲངས་ ༡༠ ལྷན་འཛོམས་ཐོག་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་ལྷན་ཚོགས་དབུ་འབྱེད་ཀྱི་གསུང་བཤད་གནང་དོན།
ཐོག་མར་གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་མཁས་པའི་ལྷན་ཚོགས་སུ་ཆེད་ཕེབས་གནང་བའི་མཁས་དབང་རྣམ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ན་ནིང་ཕྱི་ཟླ་ ༥ པའི་ནང་བཤད་སྒྲུབ་བསྟན་པ་གོང་འཕེལ་གྱི་ཚོགས་འདུ་ཉིན་གསུམ་ཙམ་ཚོགས་ཏེ་བཀའ་བསྡུར་མང་དག་ཅིག་གནང་ཡོད། དེ་བཞིན་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༣།༢༤ ཆོས་བརྒྱུད་ཁག་གི་བླ༌ཆེན་དབུ་འཛིན་རྣམ་པ་དང་སྐུ་ཚབ་རྣམ་པ་ཚོགས་འདུ་ཚོགས་ཏེ་བོད་བརྒྱུད་ནང་བསྟན་བཤད་སྒྲུབ་བསྟན་པ་མི་ཉམས་གོང་འཕེལ་ཡོང་ཆེད་བཀའ་བསྡུར་མང་པོ་ཞིག་གནང་ཡོད། དེ་རིང་འདི་གར་རྣམ་པ་ལྷན་རྒྱས་ཕེབས་ཏེ་ཆོས་བརྒྱུད་ཁག་ནས་རིགས་གཅིག་རྐང་འཛིན་གནང་འདོད་ཡོད་མཁན་གནས་ཚུལ་གང་ཙམ་ཞིག་བྱུང་སྟབས། དེར་ཞིབ་འཇུག་གནང་དགོས་ཀྱི་ཡོད། སྤྱིར་བཏང་ང་ཚོས་ཆོས་བརྒྱུད་ཆེན་པོ་བཞི་ནས་གཉིས་རེ་དང་ཇོ་ནང་ནས་གཅིག་བཅས་ཁྱོན་མི་གྲངས་ ༡༡ ལ་ཆོས་རིག་ལས་ཁུངས་ནས་སློབ་ཡོན་སྤྲོད་རྒྱུ་ཡིན། དེའི་རྒྱབ་ལྗོངས་ཕྲན་བུ་གསལ་བཤད་ཞུས་ན།ང་ཚོ་བོད་པས་ཐུན་མོང་མ་ཡིན་པའི་ནང་པ་སངས་རྒྱས་པའི་ཆོས་ལ་ཉམས་ལེན་བྱེད་སྟངས་ཧ་ཅང་རླབས་ཆེན་ཞིག་རེད་འདུག ང་ཚོར་འཛམ་གླིང་འདིའི་ཐོག་ངོམས་སུ་ཆོག་པའི་ནང་ཆོས་དང་དེའི་ལྟ་གྲུབ་གཙོ་གྱུར་གྱི་རིག་གཞུང་རྣམས་ཆགས་ཀྱི་ཡོད། སྔོན་མ་ནོར་གླིང་དུ་ཆོས་བརྒྱུད་ཁག་གི་དབུ་བླ་རྣམས་ཚོགས་འདུ་ཚོགས་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྔོན་ཆད་བོད་ནང་གི་བླ་ཆེན་ཚོས་རང་ཉིད་ཀྱི་བཞུགས་ཁྲི་མཐོན་པོའི་ཐོག་བརྗིད་ཉམས་ཆེན་པོའི་ཐོག་ནས་བཞུགས་པ་མ་གཏོགས་བོད་བསྟན་སྲིད་མི་རིགས་ཆེད་དུ་དགོངས་པ་བཞེས་མཁན་ཕལ་ཆེར་མེད་པ་ལྟ་བུ་རེད། ཕྱི་ལོ་ ༡༩༥༩ ལོར་ང་ཚོ་གཞན་ཡུལ་དུ་སླེབས་སྐབས། དཀའ་ངལ་གསར་པ་ཞིག་འཕྲད་པ་དེར་གདོང་ལེན་ཡང་གསར་པ་ཞིག་བྱེད་དགོས་སྟབས། བླ་ཆེན་རྣམ་པས་ཀྱང་བོད་བསྟན་སྲིད་མི་རིགས་ཆེད་བཀའ་བསྡུར་གནང་རྒྱུ་ཞིག་འགོ་ཚུགས་པ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་ཀྱི་བཀའ་དྲིན་ལ་བརྟེན་ནས་ཕྱི་རྒྱལ་མི་མང་མང་དག་ཅིག་གིས་ད་ལྟ་བོད་དེ་རྒྱ་གཞུང་གི་བཙན་འོག་ཏུ་གནས་ཏེ། བོད་ནང་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་པ་མ་ཟད། བོད་མི་རིགས་རྩ་མེད་དུ་འགྲོ་རྒྱུའི་ཉེན་ཁ་ཡོད་པའི་གནས་སྟངས་ཤེས་ཚོར་ཐུབ་ཀྱི་ཡོད། རྡ་ས་ལྟ་བུར་མཚོན་ན་ཕྱིའི་རྒྱལ་ཁབ་འདྲ་མིན་ནས་མི་མང་པོ་ཞིག་ཡོང་བཞིན་ཡོད། ཁོང་ཚོ་ཚང་མས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་དང་ནང་ཆོས་ལ་དོ་སྣང་ཆེད་ཡོང་བཞིན་ཡོད། ང་ཚོའི་བོད་བརྒྱུད་ནང་བསྟན་དེ་རྒྱ་ཁྱབ་དང་གཟི་བརྗིད་ཆེན་པོ་ཡོད་པ་ཡོང་གྲགས་རེད། འོན་ཀྱང་ང་ཚོས་བོད་བརྒྱུད་ནང་བསྟན་ཁྱབ་ཆེན་པོ་ཡོད། ཅེས་བཤད་ནས་བསྡད་ན་འགྲིག་གི་མེད། ང་ཚོ་དུས་རབས་ ༢༡ ནང་གོམ་པ་བརྒྱབ་ནས་འགྲོ་དགོས་སྟབས། ང་ཚོར་ནང་ཆོས་སྤུས་དག་ཡོད་པ་དེ་དག་སྔར་ལྷག་སྤུས་དག་ཏུ་དང་། གཟི་བརྗིད་ཡོད་པ་དེ་དག་གཟི་བརྗིད་ཆེ་རུ་གཏོང་རྒྱུའི་ང་ཚོའི་སྐབས་བབ་ཀྱི་ལས་འགན་རེད་བསམས་ཀྱི་འདུག དེར་བརྟེན་ཆོས་རིག་ལས་ཁུངས་ཀྱི་ངོས་ནས་གསར་གཏོད་ཁ་ཤས་ཞུས་ཡོད། དཔེར་ན། བཙུན་མ་རྣམས་ལ་དགེ་བཤེས་མའི་ཡིག་རྒྱུགས་གཏོང་རྒྱུར་དཀའ་ངལ་ཞིག་འཕྲད་བཞིན་ཡོད། ཕྱི་ལོ་ ༢༠༡༡ ཟླ་ ༩ པའི་ནང་ཆོས་བརྒྱུད་ཁག་གི་དབུ་བླ་རྣམ་པ་ལྷན་འཛོམས་ཐོག་བཀའ་མོལ་བྱུང་སྐབས། ཆོས་བརྒྱུད་གཞན་རྣམས་ལ་དེའི་ཐོག་དཀའ་ངལ་མི་འདུག འོན་ཀྱང་དགེ་ལུགས་པའི་ངོས་ནས་ཕྲན་བུ་དཀའ་ངལ་ཞིག་འདུག
དགེ་ལུགས་པ་ལྟར་ན་ཆོས་འདུལ་བ་ལ་མ་གཟིགས་ན་དགེ་བཤེས་མ་གཏང་ཆོག་གི་མི་འདུག སྐབས་དེ་དུས་ངས་ང་ཚོ་དུས་རབས་ ༢༡ ནང་གོམ་པ་བརྒྱབ་ནས་འགྲོ་བཞིན་ཡོད་སྟབས། བོད་མི་ས་ཡ་ ༦ ནས་ས་ཡ་གསུམ་ཙམ་བུ་མེད་དང། ས་ཡ་གསུམ་དེ་སྐྱེས་པ་རྩིས་པའི་དབང་དུ་བྱས་ནས། བུད་མེད་ས་ཡ་གསུམ་ཡོད་སྟབས། ང་ཚོས་དགོངས་པ་བཞེས་དགོས་ཀྱི་འདུག་ཅེས་ཞུ་རྒྱུ་བྱུང། མཐར་ན་ནིང་ལོར་དགེ་བཤེས་མ་ཡིག་རྒྱུགས་གཏོང་ཕྱོགས་ཀྱི་སྒྲིག་གཞི་གཏན་འབེབས་བྱས་པ་རེད། འདི་ལོའི་ཕྱི་ཟླ་ ༥ པའི་ནང་བཙུན་མ་ ༢༩ རྒྱུགས་སྤྲད་ནས་གཉིས་རྒྱུགས་འཕྲོད་མེད། བཙུན་དགོན་གང་འདྲ་ཞིག་ནས་ཡིན་རུང་ལོ་ ༡༧ བསླབ་པ་སློབ་གཉེར་བྱས་ཚར་མཁན་ཞིག་དང། དེའི་ཆ་སྙོམས་ཀྱི་བརྒྱ་ཆ་ ༧༥ ལོན་ཐུབ་ན་དགེ་བཤེས་མའི་རྒྱུགས་སྤྲོད་བཏང་ཆོག་གི་ཡོད། ལྷག་པར་༸གོང་ས་མཆོག་གིས་རིགས་གཅིག་རྐང་འཛིན་དགོས་རྒྱུ་གལ་ཆེན་ཡིན་སྐོར་བཀའ་སློབ་ཕེབས་བཞིན་ཡོད་པ་ལྟར། རིགས་གཅིག་རྐང་འཛིན་ཞེས་པ་དེ་ང་ཚོས་ཚད་གཞི་གང་འདྲ་ཞིག་ལ་བཟུང་གི་ཡོད་ཅེ་ན། སྤྱིར་གདན་སའི་བཤད་གྲྭ་དང་སྒྲུབ་གྲྭ་ཚང་མའི་ནང་ནས་བསླབ་པ་སློབ་གཉེར་གནང་སྟེ་མཁན་པོ་དང་དགེ་བཤེས་མང་པོ་ཞིག་འཐོན་བཞིན་ཡོད། འོན་ཀྱང་༸གོང་ས་མཆོག་གི་དགོངས་པ་དང་ང་ཚོའི་དམིགས་འདུན་ནི་རིགས་གཅིག་རྐང་འཛིན་ཐོག་མཐར་ཕྱིན་པའི་སློབ་སྦྱོང་གནང་རྒྱུ་ཙམ་མ་ཟད། དེང་སང་འཛམ་གླིང་གི་ཐོག་དུས་ཀྱི་དགོས་མཁོ་གཞིར་བཟུང་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད།ཅེས་སོགས་ཀྱི་གསུང་བཤད་གནང་སྟེ་དབུ་འབྱེད་ཀྱི་མཛད་སྒོ་གྲོལ།
དེ་ནས་ཆུ་ཚོད་ ༡༠།༡༥ ཙམ་དུ་ཆོས་རིག་དྲུང་ཆེ་ནོར་བུ་དོན་ལྡན་ལགས་ཀྱིས་གཙོ་སྐྱོང་ཐོག་ཚོགས་འདུ་དངོས་གཞི་འགོ་འཛུགས་གནང་ཡོད། ཐེངས་འདིའི་ཚོགས་འདུའི་གྲོས་གཞི་དང་པོ། གཞུང་ཆེན་རིགས་གཅིག་རྐང་འཛིན་སློབ་གཉེར་བའི་འགེངས་ཤོག་ཁག་ལ་ཞིབ་འཇུག་དང་འབྲེལ། ཆོས་རིག་ལས་ཁུངས་ནས་སློབ་ཡོན་འབུལ་ཡུལ་ཆོས་ལུགས་ཆོས་བརྒྱུད་སོ་སོར་གྲངས་བཅད་སློབ་གཉེར་བ་འདེམས་སྒྲུག་གནང་རྒྱུ། གྲོས་གཞི་གཉིས་པ། གཞུང་ཆེན་རིགས་གཅིག་རྐང་འཛིན་ལས་གཞི་འདི་ཉིད་ལམ་ལྷོང་དོན་ཕན་ལྡན་པ་བཟོ་རྒྱུའི་ཐད་སྤྱི་ཡོངས་ཀྱི་དགོངས་འཆར་བཀའ་བསྡུར་གནང་རྒྱུ་བཅས་ཡིན་འདུག ཕྱེད་ཡོལ་ཆུ་ཚོད་ ༤།༣༠ ཐོག་ཚོགས་གཙོ་ཆོས་རིག་དྲུང་ཆེ་མཆོག་གིས་མཇུག་བསྡོམས་གསུང་བཤད་གནང་རྒྱུ་ཡིན་འདུག