༢༠༡༣ ཟླ་ ༡༡ ཚེས་ ༢༥ རེས་གཟའ་ཟླ་བ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་པདྨ་ཚེ་རིང་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༢༤ རེས་གཟའ་ཉི་མའི་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་ཀི་ཡོ་ཏོ་གྲོང་ཁྱེར་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཁང་Kyoto International Conference Centerདུ་ཉི་ཧོང་ནང་གི་དཔེ་དེབ་བྲིས་རྩོམ་གནང་མཁན་སྙན་གྲགས་ཅན་ལྕམ་སྐུ་ཡོ་ཤི་མོ་ཊོ་བྷ་ནཱ་ནཱ་ Banana Yoshimotoལགས་དང་ལྷན་འཛམ་གླིང་ནང་ཆོས་ཕྱོགས་དང་སྒྱུ་རྩལ་གྱི་ལམ་ནས་རང་དབང་སྐྲུན་ཐབས་Potentiality of Expressions to Bring Freedom to the World’- From the Perspective of Religion and Artཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་མཛད་ཡོད།
ལྕམ་སྐུ་ཁོང་གིས་ད་བར་དཔེ་དེབ་མང་པོ་བྲིས་མྱོང་ཡོད་པའི་ནང་ནས་ཀི་ཆིན་Kitchenཞེས་བོད་སྐད་དུ་ཐབ་ཚང་ཞེས་པ་དེ་རྒྱལ་སྤྱིའི་ཐོག་སྙན་གྲགས་ཆེན་པོ་བྱུང་སྟེ་རྒྱལ་ཁབ་ཁག་མི་འདྲ་བ་༣༠ ལྷག་གི་སྐད་ཡིག་ནང་ཕབ་བསྒྱུར་བྱས་ཡོད་འདུག དེ་རིང་༸གོང་ས་མཆོག་གིས་ཁོང་དང་ལྷན་བགྲོ་གླེང་མཛད་རྒྱུ་དེ་ཡང་ཕྱི་ཚེས་ ༢༣ ཉིན་ཁོ་མིག་མུ་འབྲེལ་ཞེས་པ་རི་མོའི་སློབ་སྦྱོང་ཐོག་གྲགས་ཆེ་བའི་ཀི་ཡོ་ཏོ་སེ་ཀ་གཙུག་ལག་སློབ་གཉེར་ཁང་དབུ་བརྙེས་ནས་ལོ་ངོ་༤༥ འཁོར་བའི་དུས་དྲན་སྲུང་བརྩིའི་ལས་རིམ་གྱི་ཆ་ཤས་ཤིག་ཡིན་འདུག ཁ་སང་མཛད་སྒོ་དབུ་འབྱེད་ཉིན་མོར་༸གོང་ས་མཆོག་གིས་གཙུག་ལག་སློབ་ཁང་གི་ཚོམས་ཆེན་ནང་སློབ་ཕྲུག་ཚོར་བཀའ་སློབ་དང་།
ཕྱི་ཚེས་ ༢༤ ཉིན་སློབ་གྲྭའི་ཉེ་འགྲམ་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཁང་དུ་མང་ཚོགས་སྟོང་ཚོ་ཁ་ཤས་ཤིག་ལ་བཀའ་སློབ་སྩལ་ཡོད་པ་མ་ཟད། ལྕམ་སྐུ་ཡོ་ཤི་མོ་ཊོ་བྷ་ནཱ་ནཱ་ལགས་དང་ལྷན་བགྲོ་གླེང་ཡང་མཛད་ཡོད། སྐབས་དེར་གོང་ས་མཆོག་གིས་ལྕམ་ཡོ་ཤི་མོ་ཊོ་ལགས་ལ་འདས་པའི་མི་ཚེའི་ལོ་རྒྱུས་ནང་དགའ་སྐྱོ་གཉིས་ལྡན་གྱི་གནས་ཚུལ་རིམ་པ་བྱུང་བ་དེ་དཔེ་མཚོན་དུ་བཞག་སྟེ་འགྲོ་བ་མི་ཐམས་ཅད་སྐྱེས་པའི་མཐའ་མར་འཆི་རྒྱུ་ཡིན་ཞེས་འཁོར་བའི་རང་བཞིན་སྐོར་ངོ་སྤྲོད་དང་འབྲེལ་གང་ཉིད་མཆོག་ཀྱང་འདས་པའི་ལོ་ངོ་ ༥༤ ལྷག་གི་ནང་དགུང་ལོ་ ༡༦ སྐབས་རང་དབང་བྲལ་བ་དང་། ༢༤ ཐོག་ལུང་པ་ནས་བྲལ་དགོས་བྱུང་བ། དེ་བཞིན་བོད་ནང་གི་བོད་མིར་དཀའ་ངལ་ཇི་ཙམ་འཕྲད་བཞིན་ཡོད་སྐོར་སོགས་ངོ་སྤྲོད་མཛད་ཡོད།
དཀའ་ངལ་དེ་ཚོ་འཕྲད་སྐབས་སེམས་ཞུམ་ནས་མ་བསྡད་པར་འགྲོ་བ་མིར་ཡོད་པའི་དམིགས་བསལ་གྱི་རྣམ་དཔྱོད་དང་བསམ་བློ་བེད་སྤྱོད་ཀྱིས་དཀའ་ངལ་དེ་དག་སེལ་ཐབས་བྱེད་དགོས་པའི་ལམ་སྟོན་མཛད་ཡོད། བགྲོ་གླེང་མཛད་ཡུལ་དཔེ་དེབ་རྩོམ་བྲིས་གནང་མཁན་ལྕམ་སྐུ་ཡོ་ཤི་མོ་ཊོ་བྷ་ནཱ་ནཱ་ལགས་ནི་འདས་པའི་ལོ་ངོ་ ༢༥ ཙམ་ནས་དཔེ་དེབ་རྩོམ་བྲིས་གནང་བཞིན་པ་དང་ད་ལྟ་ཁོང་དགུང་ལོ་ ༤༩ ཡིན་འདུག ཁོ་མོ་དེ་སྔ་བོད་བརྒྱུད་ནང་པ་དང་བོད་དང་བོད་མིའི་སྐོར་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་དུ་ཕེབས་སྐབས་ཤེས་རྟོགས་བྱུང་བ་མ་ཟད། ཁུལ་དེར་བོད་པའི་དགེ་འདུན་པ་དང་བོད་ཆས། སྤོས། རླུང་རྟ། སྐུ་ཐང་སོགས་གཟིགས་སྐབས་སེམས་ནང་རང་བཞིན་གྱི་སྔ་མོར་བོད་དང་འབྲེལ་བ་ཡོད་པའི་སྣང་བ་ཤར་ཡོད་སྐོར་སྙན་སྒྲོན་ཞུས་ཡོད།
དེ་བཞིན་༸གོང་ས་མཆོག་གིས་གཞོན་སྐྱེས་གཙོ་བོར་གྱུར་བའི་མང་ཚོགས་ཀྱི་འདྲི་བར་བཀའ་ལན་དང་ལམ་སྟོན་སྩལ་ཡོད། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་ཉི་ཧོང་གི་གཞོན་སྐྱེས་རྣམས་ནས་འཛམ་གླིང་ཕྱི་ཕྱོགས་སུ་འབྲེལ་བ་དང་ཤེས་ཡོན་བརྗེ་རེས། དེ་བཞིན་ཕན་ཚུན་ཞབས་འདེགས་སྒྲུབ་ཐབས་སུ་འཛམ་གླིང་སྤྱིའི་སྐད་ཡིག་ཏུ་ངོས་འཛིན་བྱེད་པའི་ཨིན་ཇིའི་སྐད་ཡིག་སྦྱང་དགོས་པའི་བཀའ་སློབ་སྩལ་ཡོད།
ཕྱོགས་མཚུངས་དེ་ཉིན་གྱི་མཛད་རིམ་ཁོངས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཞིང་གཤེགས་སྐུ་ཞབས་ཨལ་བྷར་ཊི་ཤི་ཝེཊ་ཛར་Albert Schweitzerམཆོག་གི་མཚན་ཐོག་ནས་ཤར་ཨེ་ཤི་ཡའི་ཡན་ལག་ནས་༸གོང་ས་མཆོག་གིས་འཛམ་གླིང་ནང་ཞི་བདེ་སྐྲུན་ཐབས་ཙམ་དུ་མ་ཟད། འགྲོ་བ་མིའི་སེམས་ནང་ཞི་བདེ་དང་འགྲོ་བ་མིའི་ལྷན་སྐྱེས་སུ་ཡོད་པའི་རིན་ཐང་གོང་འཕེལ་གཏོང་ཐབས་སུ་མཛད་འཕྲིན་རླབས་ཆེན་བསྐྱངས་དང་སྐྱོང་བཞིན་པར་ངོས་འཛིན་གྱིས་ཡི་རང་བསྔགས་བརྗོད་ཞུ་ཆེད་གཟེངས་རྟགས་འབུལ་ལམ་ཞུས་ཡོད།
གཟེངས་རྟགས་འབུལ་ཆེད་བཞུགས་གནས་གསོལ་མགྲོན་ཁང་དུ་ཨལ་བྷར་ཊི་ཤི་ཝེཊ་ཛར་ཚོགས་པའི་ཤར་ཨེ་ཤི་ཡའི་ཡན་ལག་གི་སྐུ་ཚབ་སྐུ་ཞབས་ཡོ་ཤི་ཧི་ཀོ་ཨོ་ཀཱ་བྷི་Prof. Yoshihiko Okabeལགས་བཅར་གནང་བ་དང་། ཁོང་ནི་ཉི་ཧོང་ནང་གི་ཀོ་སྦེ་གྷ་ཀུ་ཨིན་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཡང་ཡིན་འདུག དེ་བཞིན་ཚོགས་པ་དེ་ནས་ཉི་ཧོང་སྐུ་ཚབ་དོན་གཅོད་མཚོ་མགོ་ལྷག་པ་ལགས་སུའང་གཟེངས་རྟགས་གནང་འདུག