༢༠༡༣ ཟླ་ ༡༡ ཚེས་ ༢༢ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༢༡ ཉིན་ཉི་ཧོང་གི་རྒྱལ་ས་ཊོག་ཁྱོའི་བཞུགས་གནས་མགྲོན་ཁང་རོ་ཡལ་པརྐ་ Royal Park ཞེས་པར་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་ནང་གྲགས་ཆེ་བའི་གསར་འགོད་པ་ལྕམ་སྐུ་ཡོ་ཤི་ཀོ་ས་ཀུ་རའི་ Mrs. Yoshiko Sakurai ལགས་ཀྱིས་ཆུ་ཚོད་གཅིག་རིང་ཆེད་དོན་དྲི་བར་བཀའ་ལན་མཛད་ཡོད། སྐབས་དེར་ཐོག་མར་ལྕམ་སྐུ་ས་ཀུ་རའི་ལགས་ཀྱིས་༸གོང་ས་མཆོག་གིས་ཉིན་སྔོན་མ་དེར་ཉི་ཧོང་གི་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་སྐབས་སྐུའི་མྱོང་ཚོར་ཇི་ལྟར་བྱུང་སྐོར་དྲི་བ་ཞུ་སྐབས་བཀའ་ལན་སྩལ་དོན།
ངོས་རང་མང་གཙོ་གོང་འཕེལ་གཏོང་མཁན་ཞིག་ཡིན། དེར་བརྟེན་ཏཱ་ལའི་བླ་མས་བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་བྱེད་རྒྱུའི་ལུགས་སྲོལ་དེ་ངོས་ཀྱིས་མཇུག་སྒྲིལ་ཡོད། གྲོས་ཚོགས་འཐུས་མི་རྣམས་མཇལ་རྒྱུ་བྱུང་བར་ངོས་ལ་དགའ་སྤོབས་བྱུང་། ཁོང་རྣམ་པ་ནི་མི་མང་གི་སྐུ་ཚབ་མཚོན་བཞིན་ཡོད་པ་དང་། མི་མང་གིས་ཡིད་ཆེས་བློ་འགེལ་བྱ་ཡུལ་ཞིག་ཀྱང་ཆགས་ཡོད། ཁོང་རྣམས་དང་དེ་སྔ་ཡང་མཇལ་རྒྱུ་བྱུང་བར་བརྟེན་ད་ཐེངས་མཇལ་འཕྲད་ཐེངས་གཉིས་པ་ཆགས་ཡོད། མཇལ་འཕྲད་ནམ་བྱུང་སྐབས་ཁོང་རྣམ་པས་ངོས་ལ་མཛའ་བརྩེའི་འདུ་ཤེས་ཆེན་པོའི་ཐོག་ནས་འབྲེལ་བ་གནང་བཞིན་འདུག ཅེས་བཀའ་ལན་སྩལ་རྗེས་༸གོང་ས་མཆོག་གིས་གྲོས་ཚོགས་འཐུས་མི་རྣམས་ལ་བྱམས་བརྩེ་དང་ཡ་རབས་བཟང་སྤྱོད་ལྡན་པའི་མི་ཚེ་སྐྱེལ་དགོས་སྐོར་བཀའ་སློབ་སྩལ་བར་གྲོས་ཚོགས་འཐུས་མི་རྣམས་ལ་སེམས་འགུལ་ཇི་འདྲ་ཐེབས་ཡོད་སྐོར་དགོངས་ཚུལ་ཇི་ཡོད་ཀྱི་དྲི་བ་ཞུས་པར་བཀའ་ལན་སྩལ་དོན།
ཉི་ཧོང་ནི་རྒྱལ་ཁབ་ཧ་ཅང་གལ་ཆེན་པོ་ཞིག་དང་འཛུགས་སྐྲུན་ཡར་རྒྱས་ཀྱི་གནས་ཚད་ཧ་ཅང་མཐོན་པོར་བསླེབས་པ་དང་དུས་མཚུངས་གནའ་བོའི་རིག་གཞུང་རྒྱུན་འཛིན་བྱེད་མཁན་ཞིག་ཆགས་ཡོད། དེར་བརྟེན་གནའ་དེང་གི་རིན་ཐང་ཟུང་འབྲེལ་ཐོག་ནས་འགྲོ་ཐུབ་རྒྱུ་ཡིན། ང་ཚོས་འཁྲུལ་ཆས་ནང་བཞིན་རྣམ་འགྱུར་བསྟན་པ་ཡིན་ན་འཁྲུལ་རིག་དེ་གནོད་སྐྱོན་བཟོ་མཁན་ཆགས་རྒྱུ་ཡིན། དེ་འདྲ་བྱུང་ན་སྐྱོ་པོ་རེད། མི་དང་འཁྲུལ་ཆས་དབར་མི་འདྲ་བའི་ཁྱད་པར་ནི་མིར་བྱམས་བརྩེའི་བསམ་པ་གོང་འཕེལ་གཏོང་རྒྱུའི་ནུས་པ་ཡོད། མིས་བྱ་བ་བཟང་ངན་ཇི་འདྲ་ཞིག་བྱས་ཀྱང་གཙོ་བོ་ཀུན་སློང་ལ་རག་ལུས་ཡོད། ཆོས་ཀྱིས་མི་མང་ལ་བཤུ་གཞོག་བཏང་བ་ཡིན་ན་ཆོས་དེ་ཡང་བཙོག་པ་ཆགས་རྒྱུ་རེད། ཆབ་སྲིད་ཀྱི་བསམ་བློ་དེ་བྱམས་པ་དང་བརྩེ་བ། གུས་བརྩིར་གཞི་བཅོལ་ཐུབ་པ་ཡིན་ན་ཆབ་སྲིད་གཙང་མ་ཞིག་ཡོང་རྒྱུ་མ་ཟད། གཞན་ཕན་རླབས་ཆེན་པོ་བསྒྲུབ་ཐུབ། དེ་ལྟར་མིན་པར་ཆབ་སྲིད་པ་རྣམས་ཀྱིས་གལ་ཏེ་རང་དོན་ཁོག་བཅུག་གིས་ལས་ཀ་བྱས་ཚེ་མི་མང་མགོ་སྐོར་བཏང་བ་ཞིག་ཆགས་རྒྱུ་མ་ཟད། ཆབ་སྲིད་དེ་ཡང་བཙོག་པ་ཆགས་རྒྱུ་ཡིན། མི་སྒེར་ཞིག་ལ་མཚོན་ནའང་མི་ཚེ་དྲང་པོ་དྲང་ཤག་དང་ཁ་རེ་ཁར་ཐུག་ཐོག་ནས་བསྐྱལ་བ་ཡིན་ན་ལམ་ལྷོང་ཡོང་ངེས་རེད། གང་ཡིན་བརྗོད་ན་རང་ཉིད་ལ་མི་གཞན་གྱིས་ཡིད་ཆེས་བྱེད་ཀྱི་རེད། ཡིད་ཆེས་ནི་གྲོགས་པོ་ཕན་ཚུན་དབར་དོན་དམ་གྱི་མཐུན་སྒྲིལ་ཡོང་རྒྱུའི་གཞི་རྩ་ཆགས་ཡོད། མི་རྣམས་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཞིག་ཡིན་སྟབས་མཐུན་སྒྲིལ་ནི་མེད་དུ་མི་རུང་བ་ཞིག་ཡིན། ཞེས་བཀའ་ལན་སྩལ།
ཡང་ལྕམ་སྐུ་མཆོག་གིས་ཉེ་ལམ་སི་པེན་རྒྱལ་ཡོངས་ཁྲིམས་ཁང་ནས་རྒྱ་ནག་འགོ་ཁྲིད་ཟུར་པ་ཁག་གཅིག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སོགས་ལ་རྩིས་མེད་རྡོག་རོལ་བཏང་བའི་ཉེས་མིང་འོག་འཛིན་བཟུང་བྱ་རྒྱུའི་བཀོད་ཁྱབ་བཏང་བའི་ཐོག་དགོངས་ཚུལ་ཇི་ཡོད་ཀྱི་དྲི་བ་ཞུས་པར་བཀའ་ལན་སྩལ་དོན། གནད་དོན་འདི་ཏོག་ཙམ་མགོ་རྙོག་རེད། རྒྱ་ནག་གི་འགོ་ཁྲིད་དེ་དག་གཅིག་བསྡུས་རིང་ལུགས་ཀྱི་ཁོར་ཡུག་འོག་འཚར་ལོངས་བྱུང་བར་བརྟེན་སྒེར་གྱི་བསམ་བློ་བཀོལ་སྤྱོད་བྱ་རྒྱུའི་རང་དབང་མེད། ཁོང་ཚོར་འཛམ་གླིང་ཕྱི་དང་འབྲེལ་བ་བྱས་ནས་དངོས་ཡོད་གནས་ཚུལ་རྒྱུས་ལོན་བྱ་རྒྱུའི་གོ་སྐབས་མེད། ཅེས་བཀའ་ལན་སྩལ་བ་དང་སྦྲགས། ཕྱི་ལོ་ ༡༩༥༠ ལོར་རྒྱ་མིའི་དམག་དཔོན་ཞིག་ཆབ་མདོར་འབྱོར་ནས་བོད་པའི་གཞུང་ཞབས་པ་དང་ཐུག་སྐབས་བོད་ནང་ཕྱི་རྒྱལ་བཙན་རྒྱལ་རིང་ལུགས་ཀྱི་ཤུགས་རྐྱེན་མེད་པ་མཐོང་རྗེས་ཧ་ཅང་བློ་ཕམ་འོག་མིག་ཆུ་བཏང་སྟེ་ཁོང་ཚོར་རྒྱ་ནག་གཞུང་གིས་དྲིལ་བསྒྲགས་ལོག་པ་སྤེལ་བ་ཤེས་ཡོད་སྐོར་ཐུགས་དྲན་གསོ་མཛད་པ་དང་སྦྲགས་མུ་མཐུད་བཀའ་ལན་སྩལ་དོན། རྒྱ་ནག་གི་འགོ་ཁྲིད་ཚོ་རང་དབང་ལུང་པར་ཡོད་ཚེ་ཁོང་ཚོར་ཁག་འཁྲིས་བྱས་ན་ཕྲན་བུ་འོས་འཚམ་ཞིག་ལ་བརྩིས་ཆོག་ཀྱང་། ཁོང་ཚོ་ནི་རང་གི་གང་བསམ་པ་བཞིན་ལག་བསྟར་བྱེད་རྒྱུའི་རང་དབང་གང་ཡང་མེད། འོན་ཀྱང་ཁྲིམས་ཁང་གིས་འགྲོ་བ་མིའི་ཐོབ་ཐང་ཐོག་དོན་དམ་གྱི་སེམས་ཚབས་ཤུགས་ཆེ་གནང་བ་དེར་ངོས་ཀྱི་བསྔགས་བརྗོད་ཞུ་རྒྱུ་ཡིན། རྒྱ་ནག་མི་དམངས་བཅིང་བཀྲོལ་དམག་བོད་དུ་འབྱོར་སྐབས་བོད་ཞི་བའི་བཅིངས་བཀྲོལ་གཏོང་རྒྱུ་ཡིན་ཞེས་བསྒྲགས་ཡོད།
ཕྱི་ལོ་ ༡༩༥༤ ལོར་ངོས་ཀྱི་གུང་ཁྲན་ཚོགས་པའི་མི་སྣ་འགའ་ཤས་དང་ཐུག་སྐབས་ཁོས་ཚོས་དངོས་གནས་སྤྱི་ཚོགས་གསར་པ་ཞིག་དང་གྲལ་རིམ་མེད་པ་འདྲ་མཉམ་གྱི་སྤྱི་ཚོགས་ཤིག་བཟོ་རྒྱུའི་སེམས་ཤུགས་ཧ་ཅང་འདུག ཁོང་ཚོའི་དཔལ་འབྱོར་ཐོག་ལྟ་གྲུབ་འཛིན་སྟངས་དེ་མ་ཁེ་སིའི་ལྟ་གྲུབ་ཡིན་པར་བརྟེན་ཐོབ་ཐང་འདྲ་མཉམ་བྱ་རྒྱུའི་སྲིད་བྱུས་འཛིན་བཞིན་ཡོད་པ་དེར་ངོས་རང་ཧ་ཅང་ཡིད་དབང་འཕྲོག་པོ་བྱུང་བ་མ་ཟད། དེང་སྐབས་སུའང་ལྟ་གྲུབ་དེར་ཡིད་སྨོན་སྐྱེ་བཞིན་ཡོད། འོན་ཀྱང་ཕྱི་ལོ་ ༡༩༥༦ ཙམ་ནས་གུང་ཁྲན་ཚོགས་པས་རིམ་བཞིན་གཅིག་བསྡུས་དབང་འཛིན་གྱི་ལམ་ལུགས་ལག་བསྟར་བྱས་ནས་དངོས་ཡོད་གནས་ཚུལ་ལ་རྩིས་མེད་གཏོང་མཁན་ཞིག་ཆགས་ཡོད། ཕྱིས་སུ་ཏིང་ཞའོ་ཕིང་གིས་རྒྱ་ནག་ནང་སྲིད་བྱུས་གུ་ཡངས་བཏང་ནས་དངོས་ཐོག་བདེན་འཚོལ་བྱེད་རྒྱུའི་སྲིད་བྱུས་བཟུང་ཡོད། ཅང་ཛེ་མིན་གྱིས་ཡར་རྒྱས་དང་ཧུ་ཅིན་ཐའོས་འཆམ་མཐུན་སྤྱི་ཚོགས་བསྐྲུན་ཐབས་བྱས་ཡོད། འོན་ཀྱང་ཧུ་ཡིས་དྲག་པོའི་སྟོབས་ཤུགས་འོག་བཙན་ཐབས་ཀྱིས་ཐབས་ལམ་བེད་སྤྱོད་བཏང་བ་ནི་སྲིད་བྱུས་ནོར་བ་ཞིག་ཡིན། འཆམ་མཐུན་ཟེར་བ་འདི་ཕན་ཚུན་ཡིད་ཆེས་ལས་ཡོང་དགོས། ཡིད་ཆེས་ནི་འཆམ་མཐུན་གྱི་གཞི་རྩ་ཆགས་ཡོད། མཚམས་རེ་རྒྱ་ནག་འགོ་ཁྲིད་དེ་ཚོར་སེམས་ཁམས་རིག་པའི་ཐོག་སློབ་གསོ་སྤྲོད་དགོས་པ་ལྟ་བུ་མཐོང་གི་འདུག ཁོང་ཚོའི་བཅིངས་བཀྲོལ་ཟེར་བ་དེས་སྡུག་བསྔལ་འདྲེན་རྒྱུ་དང་ཕན་ཚུན་ཡིད་ཆེས་མེད་པ་བཟོ་རྒྱུ་ཁོ་ན་རེད། དེ་སྔ་རིག་གནས་གསར་བརྗེའི་སྐབས་སུའང་གཞུང་གི་གསར་ཤོག་ནང་བསྟོད་བསྔགས་ཚད་མེད་བཏང་ཡོད་ཀྱང་ཕྱིས་སུ་ལས་འགུལ་སྤེལ་ཚར་རྗེས་སྐྱོན་བརྗོད་ཤ་སྟག་བྱེད་དགོས་ཐུག་པ་དེ་འདྲ་བྱུང་ཡོད། ངོས་ཀྱིས་རྒྱ་རིགས་ཚོ་དང་ཐུག་སྐབས་ཁོང་ཚོ་རྒྱ་ནག་ནས་འཛམ་གླིང་ཕྱི་ལ་མ་བསླེབ་བར་གནས་ཚུལ་མང་པོའི་ཐོག་ལྟ་སྟངས་དེ་ནོར་བ་ཡིན་པ་བརྗོད་བཞིན་ཡོད། ད་ལྟའི་རྒྱ་ནག་འགོ་ཁྲིད་གསར་པ་ཁོང་ནི་དངོས་ཡོད་གནས་ཚུལ་ལ་གཞི་བཅོལ་ནས་སྲིད་བྱུས་རྒྱུན་སྐྱོང་གནང་མཁན་ཞིག་ཡིན་པའི་མཐོང་སྣང་བྱུང་།
ཞེས་སོགས་ཀྱི་བཀའ་ལན་སྩལ། དེ་རྗེས་ལྕམ་སྐུ་མཆོག་གིས་བོད་ནང་གི་གནས་སྟངས་ཇེ་བཟང་དུ་འགྲོ་རྒྱུའི་ཐུགས་རེ་ཡོད་དམ་ཞུས་པར་༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། དེང་སྐབས་བོད་ནང་གི་གནས་སྟངས་ཧ་ཅང་ཐབས་སྡུག་པོ་ཡོད་ཀྱང་བོད་མིའི་སྙིང་སྟོབས་ནམ་ཡང་ཞུམ་མེད་ཐོག་ཡུན་རིང་གནས་རྒྱུ་དང་། རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་རྒྱུ་ཡིན། རིག་གནས་གསར་བརྗེའི་སྐབས་ཐབས་ཤེས་སྣ་ཚོགས་ཀྱིས་བསམ་བློ་རྙིང་པ་མེད་པ་བཟོ་ཐབས་བྱས་ཡོད་ཀྱང་ལམ་ལྷོང་བྱུང་མེད།
ཆོས་ལྟ་བུར་མཚོན་ན། མིའི་བསམ་བློ་དང་ཐད་ཀར་འབྲེལ་བ་ཆགས་ཡོད། དེང་སྐབས་རྒྱ་ནག་ནང་རྒྱ་རིགས་ནང་པ་ས་ཡ་ ༤༠༠ ཙམ་ཡོད་པ་བརྗོད་ཀྱི་ཡོད་པ་དེ་ཁོངས་ནས་མང་པོ་ཞིག་གིས་བོད་བརྒྱུད་ནང་བསྟན་གྱི་རྗེས་འབྲང་པ་ཆགས་ཡོད། དེར་བརྟེན་ནང་ཆོས་མུ་མཐུད་གནས་རྒྱུ་རེད། ཅེས་བཀའ་ལན་སྩལ། དེ་རྗེས་ལྕམ་སྐུ་མཆོག་གིས་དྲི་བ་མཐའ་མར་ཁྱིམ་ཚང་ནང་ཕ་མ་ཚོས་ཕྲུ་གུར་ཤེས་ཡོན་ཡར་རྒྱས་ཇི་ལྟར་གཏོང་ཐུབ་མིན་སྐོར་དྲི་བ་ཞུས་པར་བཀའ་ལན་སྩལ་དོན། ཕ་མ་ཚོས་དུས་ཚོད་བཏང་སྟེ་ཕྲུ་གུ་བྱམས་བརྩེས་སྐྱོང་དགོས། དེ་འདྲ་བྱས་ཚེ་ཕྲུ་གུའི་འཚར་ལོངས་ལ་ཕན་ཐོགས་ཧ་ཅང་ཡོད། དེ་ལྟར་མིན་པར་ཕྲུ་གུ་བརྙན་འཕྲིན་མདུན་ལ་བཞག་ན་ཤེས་ཡོན་ཕྲན་བུ་ཐོབ་ཀྱང་དེས་བྱམས་བརྩེའི་ཚབ་བྱེད་མི་ཐུབ ངོས་ཀྱི་ཨ་མ་ལགས་ཤེས་ཡོན་མེད་པའི་ཞིང་པའི་བུད་མེད་ཅིག་ཡིན། འོན་ཀྱང་ངོས་རང་ཆུང་དུས་ནས་ཁོ་མོས་བྱམས་བརྩེས་བསྐྱངས་པ་དེས་ངོས་ལ་དུས་ད་ལྟའང་ཕན་བཞིན་འདུག་ཅེས་བཀའ་ལན་སྩལ།།