༢༠༡༣ ཟླ་ ༡༡ ཚེས་ ༢༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༢༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་རྒྱལ་ས་ཊོཀ་ཁྱོའི་Tokyo ནང་སྔ་དྲོ་ཐོག་མར་ཀོ་རི་ཡ་ནས་ཆེད་མངགས་༸གོང་ས་མཆོག་༸ཞལ་མཇལ་གསུང་ཐོས་ཆེད་ཕེབས་པའི་ནང་པ་མི་གྲངས་ ༣༠༠ ལ་མཇལ་ཁ་དང་བཀའ་སློབ་སྩལ་དོན། ཀོ་རི་ཡ་ནས་ཕེབས་པའི་སྤུན་ཟླ་ཕོ་མོ་ཁྱེད་རྣམས་དེ་རིང་འདིར་སླར་ཡང་མཇལ་རྒྱུའི་གོ་སྐབས་བྱུང་བར་ངོས་རང་ཧ་ཅང་དགའ་པོ་བྱུང་། རྒྱ་ནག་དང་ཀོ་རི་ཡ། ཝི་ཏི་ནམ། ཉི་ཧོང་བཅས་ཀྱི་ནང་སྲོལ་རྒྱུན་ནས་ནང་ཆོས་དར་ཁྱབ་བྱུང་ཡོད།
དེར་བརྟེན་རྒྱལ་ཁབ་དེ་དག་ནང་སྤྱིར་སྟངས་ཆོས་ལུགས་གཞན་གྱི་རྗེས་འདྲང་པ་ཡོད་ཀྱང་གཞི་རྩའི་ནང་ཆོས་ཀྱི་རིག་གཞུང་སྲོལ་རྒྱུན་ནས་དར་ཁྱབ་བྱུང་བར་བརྟེན་ནང་ཆོས་ལ་དོ་དབྱིང་རང་བཞིན་གྱི་ཡོང་རྒྱུ་ཡིན་པ་བརྗོད་མི་དགོས། དུས་རབས་ ༢༡ འདིར་ཀོ་རི་ཡའི་ཡུལ་དེ་ཕྱི་དངོས་པོའི་ཐོག་ཡར་རྒྱས་ཚད་མཐོན་པོར་སོན་ཡོད། འོན་ཀྱང་ཕྱི་དངོས་པོ་ཡར་རྒྱས་ཀྱིས་སེམས་ནང་ཞི་བདེ་སྐྲུན་ཐུབ་བམ། ངོས་ལ་ཨ་རི་བ་འབྱོར་བ་ཧ་ཅང་ཆེན་པོ་ཡིན་པའི་གྲོགས་པོ་མང་པོ་ཡོད། ཁོང་ཚོར་དངུལ་ཧ་ཅང་མང་པོ་ཡོད་འོན་ཀྱང་དངུལ་དེ་དག་གིས་སེམས་ཀྱི་ཞི་བདེ་ཉོ་ཐུབ་རྒྱུ་མེད། བྱམས་པ་དང་བརྩེ་བ། བཟོད་བསྲན། འདོད་ཆུང་ཆོག་ཤེས་སོགས་ཉམས་ལེན་བྱ་རྒྱུ་ནི་དུས་རབས་ ༢༡ སྐབས་འདིར་འབྲེལ་བ་ཧ་ཅང་ཡོད། དེར་བརྟེན་ནང་ཆོས་ཀྱི་ཞབས་འདེགས་ཕྲན་བུ་ཞུ་ཐུབ་བཞིན་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་དྲི་བ་ཞུ་རྒྱུའི་གོ་སྐབས་སྩལ། སྐབས་དེར་བོད་ནང་རང་ལུས་མེར་སྲེག་བཏང་བ་དེ་རང་སྲོག་བཅད་པར་བརྟེན་ནང་ཆོས་ནས་བརྗོད་ན་སྲོག་གཅོད་ཀྱི་ལས་མིན་ནམ་ཞེས་དྲི་བ་ཞུས་པར། ༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན།
དྲི་བ་འདི་ཆབ་སྲིད་ཀྱི་གནད་དོན་ཆེན་པོ་ཞིག་ཡིན་པར་བརྟེན་དེའི་སྐོར་དམིགས་བསལ་རྒྱས་པོ་ཞུ་རྒྱུ་མིན། འོན་ཀྱང་གནས་ཚུལ་དེ་རིགས་ནི་ཧ་ཅང་བློ་ཕམ་ཆེན་པོ་རེད། སྤྱིར་ནང་ཆོས་ནས་སྲོག་གཅོད་ཀྱི་ལས་འདི་མ་རུང་བ་ཡིན། འོན་ཀྱང་ནང་ཆོས་ནས་ལས་བཟང་ངན་ཇི་འདྲ་ཞིག་བསགས་མིན་གཙོ་བོ་ཀུན་སློང་ལ་རག་ལུས་ཡོད་པ་གསུངས་ཡོད། ཅེས་བཀའ་ལན་སྩལ་བ་དང་སྦྲགས། དེ་སྔ་རིག་གནས་གསར་བརྗེའི་སྐབས་རྒྱ་ནག་གུང་ཁྲན་ཏང་གི་དམར་སྲུང་དམག་གིས་ནང་པའི་དགོན་པ་རྩ་ཆེ་ཞིག་རྩ་མེད་བཟོ་བརྩིས་བྱེད་སྐབས་དགོན་པ་དེའི་མཁན་པོ་མི་ཡག་པོ་ཞིག་ཡོད་པ་དེས་དགོན་པ་དེ་སྲུང་སྐྱོབ་ཆེད་རང་ལུས་མེར་སྲེག་བཏང་ཡོད། དེར་བརྟེན་ལས་འགུལ་དེ་དག་ནི་བསྟན་པ་དང་འགྲོ་བའི་དོན་དུ་དམིགས་པ་ཞིག་ཡིན་ན་དགེ་བའི་ལས་ལ་བརྩི་ཆོག ཅེས་བཀའ་ལན་སྩལ།
དེ་རྗེས་༸གོང་ས་མཆོག་གིས་བོད་རིགས་ ༡༣༠ ལ་མཇལ་ཁ་དང་བཀའ་སློབ་སྩལ་རྗེས་ཐེངས་འདིའི་མཛད་འཕྲིན་རྣམས་ཡོངས་སུ་ལེགས་གྲུབ་ཀྱིས་རྒྱ་གར་ལ་ཆིབས་ཞལ་བསྒྱུར་ཡོད།།