༢༠༡༣ ཟླ་ ༡༡ ཚེས་ ༢༦ རེས་གཟའ་མིག་དམར།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་པདྨ་ཚེ་རིང་ལགས་ཀྱིས་བཏང་གནས་ནང་འཁོད་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༢༥ ཉིན་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་ཀི་ཡོ་ཏོ་ (Kyoto) གྲོང་ཁྱེར་གྱི་བཞུགས་གནས་གསོལ་མགྲོན་ཁང་ནས་མེ་འཁོར་བརྒྱུད་རྒྱལ་ས་ཊོཀ་ཁྱོར་༸ཞབས་སོར་འཁོད་ནས་ཉིན་རྒྱབ་ཆུ་ཚོད་ ༡།༣༠ ཐོག་ཉི་ཧོང་རྒྱལ་ཡོངས་ཀྱི་སུ་མོ་ (Sumo) ཞེས་བོད་སྐད་དུ་ཨབ་ཏང་རྩེད་ར་ཆེན་མོར་མང་ཚོགས་སྟོང་ཚོ་བརྒལ་བར། ནང་ཆོས་ནས་གསུང་པའི་བསླབ་བྱ་རྣམས་ཉིན་རེའི་བྱ་གཞག་ཐོག་ཉམས་ལེན་བྱེད་ཕྱོགས། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཡོད།
སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། འཛམ་གླིང་འདིའི་སྟེང་འགྲོ་བ་མི་དུང་ཕྱུར་ ༧༠ ལྷག་ཡོད་པ་ཚང་མ་གཅིག་ལ་གཅིག་རྟེན་ཐོག་འཚོ་གནས་དགོས་སྟབས། ཕན་ཚུན་དབར་ཆོས་ལུགས་དང་རིགས་རུས། ཡུལ་ལུང་། དབུལ་ཕྱུག ཤེས་ཡོན་ཡོད་མེད་སོགས་ཀྱི་ཁྱད་པར་ལྟར་སྣང་ཙམ་ལ་གཙོ་བོར་མ་འཛིན་པར་གཞི་རྩའི་ང་ཚོ་ཚང་མ་འགྲོ་བ་མིའི་ཁྱིམ་ཚང་གཅིག་པ་ལྟ་བུ་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་རྒྱུ་དེ་ཧ་ཅང་གལ་ཆེ་ཆགས་ཡོད། དེང་སྐབས་སྤྱི་ཚོགས་ནང་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད་པ་དེ་དག་ཚང་མ་མིས་བཟོས་པ་ཤ་སྟག་ཆགས་ཡོད་པ་ནི་རང་གཅེས་འཛིན་གྱི་བསམ་བློ་དེར་ཐུག་ཡོད། རང་གཅེས་འཛིན་གྱི་བསམ་བློ་དེས་ང་ཚོ་དང་ཁོ་ཚོ་ཞེས་མི་གཞན་དང་རང་ཉིད་དབར་རྒྱང་ཐག་རིང་པོ་བཟོ་བཞིན་ཡོད་པ་དེས་རང་གི་སེམས་ནང་མི་གཞན་ལ་བློས་མ་འཁེལ་ནས་འཇིགས་སྣང་དང་ཁོང་ཁྲོ་སོགས་དོགས་པ་རྣམ་རྟོག་འདྲ་མིན་བརྒྱུད་རང་ཉིད་ཀྱི་ལུས་པོའི་འཕྲོད་བསྟེན་ལའང་གནོད་རྒྱུ་ཡིན།
དེ་ལས་ལྡོག་སྟེ་གཞན་ལ་ཕན་བདེ་བསྒྲུབ་ན་རང་ཉིད་ལའང་བདེ་སྐྱིད་ཡོང་རྒྱུ་ཡིན། དེ་བཞིན་དཀའ་ངལ་མང་པོ་ཞིག་ཡ་རབས་དང་དྲང་བདེན་གྱི་མ་འདང་བར་བརྟེན་ནས་ཡོང་གི་ཡོད་སྟབས། སེམས་པ་བཟང་པོ་བྱས་པ་བརྒྱུད་སེམས་ཞི་བདེ་ལྡན་པ་ཞིག་བཟོ་རྒྱུ་གལ་ཆེ་ཆགས་ཡོད་པར་བརྟེན། ཡ་རབས་དང་དྲང་བདེན་བརྒྱུད་ལུས་སེམས་གཉིས་ཀར་བདེ་བ་ཡོང་རྒྱུར་ཕན་ཐོགས་ཧ་ཅང་ཡོད་སྐོར་སོགས་ཀྱི་བཀའ་སློབ་སྩལ་བ་མ་ཟད།
སྐབས་དེར་༸གོང་ས་མཆོག་གིས་འགྲོ་བ་མིའི་རིན་ཐང་དང་བཟང་སྤྱོད་གོང་མཐོར་གཏོང་ཐབས་སུ་ཕྱི་དངོས་པོའི་རིན་ཐང་གཅིག་པུ་མ་ཡིན་པར་དེང་དུས་ཤེས་ཡོན་ལམ་ལུགས་ནང་ཆོས་ལུགས་དང་མ་འདྲེས་པའི་བཟང་སྤྱོད་སློབ་གསོ་སྤྲོད་དགོས་རྒྱུ་ཧ་ཅང་གལ་ཆེ་ཆགས་ཡོད་པའི་ལམ་སྟོན་བཀའ་སློབ་ཟབ་རྒྱས་སྩལ། དེ་བཞིན་མང་ཚོགས་ཀྱི་དྲི་བ་རྣམས་ལ་བཀའ་ལན་སྩལ་རྗེས་ཐེངས་འདིར་༸གོང་ས་མཆོག་གིས་ཉི་ཧོང་ནང་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༥་་་་༢༦ བར་བདུན་ཕྲག་གཉིས་མ་ཟིན་ཙམ་གྱི་རིང་འཛམ་གླིང་ཞི་བདེའི་ཆེད་ཆོས་བརྒྱུད་འདྲ་མིན་དང་ལྷན་སྨོན་ལམ་གསུང་འདོན་དུ་དབུ་བཞུགས་མཛད་པ་དང་། ཉི་ཧོང་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་ཀྱིས་བཀའ་སློབ་སྩལ་བ། དེ་བཞིན་ནང་ཆོས་ནས་གསུང་པའི་ཆོས་དང་ཚན་རིག་གི་རྣམ་གཞག་དང་དེང་དུས་ཚན་རིག་དབར་གྱི་འབྲེལ་བའི་ཐོག་གི་བགྲོ་གླེང་དུ་ལྷན་ཞུགས་དང་། ལྷག་པར་གཞོན་སྐྱེས་ཚོར་དུས་རབས་ ༢༡ པ་ཞི་བདེ་ཅན་དུ་སྐྲུན་ཐབས་སྐོར་བཀའ་སློབ། དེ་བཞིན་མང་ཚོགས་ལ་མི་ཚེ་དོན་དང་ལྡན་པ་གང་འདྲ་ཡོང་ཐུབ་མིན་དང་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་ཐབས་སྐོར་བཀའ་སློབ་ལམ་སྟོན་སོགས་མཛད་འཕྲིན་རྒྱ་ཆེ་བསྐྱངས་ཡོད།
༸གོང་ས་མཆོག་ཕྱི་ཚེས་ ༢༦ ཉིན་གྱི་སྔ་དྲོར་སྐུ་འཁོར་དང་བཅས་ཉི་ཧོང་ནས་རྒྱ་གར་ཕྱོགས་སུ་ཕེབས་ཐོན་གྱིས་དེ་ཉིན་དགོང་མོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་༸ཞབས་སོར་འཁོད་རྒྱུ་ཡིན་འདུག མཛད་རིམ་ལྟར་ན་༸གོང་ས་མཆོག་རྒྱལ་ས་ལྡི་ལིར་ཟླ་བ་གཅིག་ཙམ་གྱི་མཛད་འཆར་ཡོད་པ་དང་། དེ་ནས་ཐད་ཀར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག