༢༠༡༣ ཟླ་ ༡༡ ཚེས་ ༡༨ རེས་གཟའ་ཟླ་བ།
༄༅། །འདི་གར་ཨ་རི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲིས་ལགས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༨ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༡༡ ཚེས་ ༡༧ རེས་གཟའ་ཉི་མའི་ནིའུ་ཡོཀ་གྲོང་ཁྱེར་གྱི་གནམ་གཤིས་གྲང་ངར་ཆེན་པོ་དེ་ཙམ་མེད་ཀྱང་། གནམ་ཐིབ་ནས་ཆར་པ་སིམ་སིམ་འབབ་པ་དང་། རླུང་བསིལ་སྡང་བའི་གནམ་གཤིས་ཤིག་བསྟན་སོང་བས། རྣམ་ཀུན་ཡིན་ན་བོད་མི་རྣམས་ནང་དུ་འཛུལ་ནས་བསྡད་པ་ལས། ཕྱི་ལ་མི་དོན་པ་ནི་ཚོད་དཔག་བྱེད་ཐུབ་པ་ཞིག་ཡིན། འོན་ཀྱང་དེ་ཉིན་སེམས་ཁམས་གྲུ་ཤ་དོད་ཅིང་། རང་ལུགས་ཀྱི་གཟབ་མཆོར་སྤྲས་པའི་རྒན་དར་གཞོན་གསུམ་ཚོ་དང་ཚོ་བྱས་ཏེ། ཚོགས་ཁང་ཕུན་ཚོགས་སྡེ་བཞིའི་ཕྱོགས་སུ་གསལ་བསྒྲགས་ཀྱི་དུས་ཚོད་ལས་སྔ་བ་འབྱོར་བཞིན་འདུག་པའི་རྣམ་པ་དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་སྒྱུར་སྐབས་སུ་མ་གཏོགས། རྣམ་ཀུན་ཅུང་མཐོང་དཀོན་པ་ཞིག་ཡིན་ཞིང་། ཁོང་ཚོ་ནི་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་གསུང་བཤད་ཉན་པར་ཡོང་མཁན་ཡིན་ཞིང་།
དེ་ཡང་། ཨ་མི་རི་ཀར་གཞུང་འབྲེལ་ཕྱོགས་ཕེབས་ཐེངས་བཞི་པ་ཡིན་པའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། ཁོང་གི་ཕེབས་རོགས་ཨ་རི་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་ལགས་གཉིས་རྒྱལ་ས་ཝ་ཤིང་ཀྲོན་དུ་ཨ་རི་གཞུང་དང་། གྲོས་ཚོགས་གོང་འོག གཞུང་འབྲེལ་མ་ཡིན་པའི་ཚོགས་པ། གསར་འགྱུར་ལས་རིགས་བཅས་ཀྱི་གནད་ཡོད་མི་སྣ་མཇལ་འཕྲད་གནང་རྒྱུའི་མཛད་རིམ་ལེགས་པར་གྲུབ་སྟེ། ཕྱི་ཚེས་ ༡༧ རེས་གཟའ་ཉི་མའི་ཉིན་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་ཕུན་ཚོགས་སྡེ་བཞིའི་ནང་མང་ཚོགས་ཆིག་སྟོང་ལྷག་ཙམ་ལ་ཕྱོགས་ཡོངས་ནས་གསུང་བཤད་གནང་ཡོད། ཨ་རི་སྐུ་ཚབ་དོན་གཅོད་ཁང་ནས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བར་ལམ་ལ་དྭགས་སླེ་དང་། ས་ལུ་སྒ་ར། མེ་ཌི་སིན་སོགས་ས་གནས་ཁག་ཅིག་ཏུ་བོད་མི་རྣམས་ལ་བླང་དོར་གྱི་བཀའ་སློབ་ལམ་སྟོན་རྩལ་བ་ཁག་སྐར་མ་ཉེར་བདུན་ནང་ཕྱོགས་སྒྲིག་གནང་བའི་གློག་བརྙན་ཞིག་དེ་ཚོགས་ཡོངས་ལ་བསྟན་པར་ཚང་མས་དོ་སྣང་ཆེན་པོས་ལྟ་ཉན་བྱས།
ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཀུན་དགའ་འཕྲིན་ལས་ལགས་ནས་ངོ་སྤྲོད་གསུང་བཤད་གནང་སྐབས། སྤྱི་མཐུན་ཚོགས་པའི་ཚོགས་ཁང་དང་འབྲེལ་བའི་སྐོར་དང་། སྐུ་ཚབ་དོན་ཁང་དང་། ཚོགས་སྐྱིད་ཁག་ནས་སྤྱི་དོན་ཚོགས་པའི་ལས་དོན་ལ་ཕན་རོགས་གནང་དང་གནང་བཞིན་པའི་སྐོར་སྲིད་སྐྱོང་མཆོག་ལ་སྙན་སེང་མདོར་བསྡུས་ཞུས་པ་དང་ཆབས་ཅིག སྲིད་སྐྱོང་མཆོག་གིས་མང་ཚོགས་ལ་གསུང་བཤད་གནང་རྒྱུའི་ཞལ་ཞེས་གནང་བར་ཚང་མའི་ངོ་ཚབ་གནང་སྟེ་ཐུགས་རྗེ་ཆེ་ཞུས། དེ་རྗེས་སྐུ་ཚབ་དོན་གཅོད་སྐལ་རྡོར་ལགས་ནས། ཚོགས་ཡོངས་ལ་འཚམས་འདྲི་དང་འབྲེལ་སྲིད་སྐྱོང་མཆོག་ཝ་ཤིང་ཀྲོན་དུ་གཞུང་དང་། གྲོས་ཚོགས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཅས་ཀྱི་གནད་ཡོད་མི་སྣ་མཇལ་རྒྱུས་མཚོན་གཞུང་དོན་ཕྱག་ལས་ཡོངས་རྫོགས་ཡག་པོ་བྱུང་སྐོར་སྙིང་བསྡུས་དང་། མི་ཚོགས་མང་བའི་གོ་སྐབས་འདི་བརྒྱུད་རང་དོན་རང་གཅེས་ཀྱིས་དང་བླང་དཔྱ་དངུལ་འབུལ་མི་རྣམས་ལ་བསྔགས་བརྗོད་དང་། འབུལ་རྒྱུ་ལུས་པ་རྣམས་ལ་ངེས་པར་དུ་ཕུལ་ཐུབ་པ་དགོས་པའི་འབོད་སྐུལ་གནང་།
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས། ཐེངས་འདིར་ཝ་ཤིང་ཀྲོན་དུ་མི་སྣ་མཇལ་འཕྲད་ཀྱིས་བོད་དོན་གླེང་སློང་གནང་བའི་སྐོར་དང་། ད་བར་ཝ་ཤིང་ཀྲོན་དུ་ཐེངས་བཞི་ཙམ་ཕེབས་པའི་ཉམས་མྱོང་ལ་གཞིགས་ན། ཨ་རི་གཞུང་དང་། གྲོས་ཚོགས་ནས་བོད་མི་རྣམས་ལ་དཔལ་འབྱོར་གྱི་རྒྱབ་སྐྱོར་གནང་བ་ཙམ་མ་ཟད། ཆབ་སྲིད་ཀྱི་ཐོག་ནས་ཀྱང་ཧ་ཅང་གི་རྒྱབ་སྐྱོར་གནང་གི་ཡོད་པའི་སྐོར། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གི་ཕྱག་ལས་གནང་ཕྱོགས། དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་རྒྱུན་འཛིན་བྱེད་དགོས་པའི་གལ་ཆེའི་རང་བཞིན། དབུ་མའི་ལམ་ནི་བོད་ནང་གི་ཛ་དྲག་གནས་སྟངས་སེལ་བར་བྱེད་པའི་ཐབས་ལམ་སྲིད་བྱུས་ཡག་ཤོས་དེ་ཡིན་པ། སྲིད་བྱུས་དེ་ལ་རྒྱལ་སྤྱི་དང་། རྒྱ་གར། རྒྱ་རིགས་བཅས་ཀྱི་སྤྱི་ཚོགས་ནས་རྒྱབ་སྐྱོར་ཐོབ་ཀྱི་ཡོད་པའི་སྐོར། བཀའ་ཤག་ནས་ཤེས་ཡོན་སློབ་གསོའི་ལས་དོན་ལ་མཐོང་ཆེན་གནང་གི་ཡོད་པ།
དེ་བཞིན་དོལ་རྒྱལ་སོགས་ཀྱི་སྐོར་ལ་གསུང་བཤད་གནང་ཡོད་པ་མ་ཟད། མང་ཚོགས་ཀྱི་དྲི་བར་ཡང་ལན་འདེབས་གནང་ཡོད་པ་རེད། ཡང་སྲིད་སྐྱོང་མཆོག་ནས་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གསུང་སྐབས་ནན་བརྗོད་གནང་དོན་ལ། ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པ་དང་། རང་བཙན་རྩོད་རྒྱུ་དེ་ཐོབ་ཐང་ཡོད་པ་ཞིག་ཡིན་སྟབས་དེ་ལ་སུ་གཅིག་གིས་དགག་ཆ་བྱེད་མྱོང་མེད། ཡིན་ན་ཡང་རེ་ཟུང་གིས་རང་བཙན་ཁ་ལ་འཁྱེར་ནས་ཁུངས་ལུང་རྒྱུ་མཚན་མེད་པའི་རྩོམ་ཡིག་སྤེལ་བ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ལ་གཞི་མེད་ཀྱི་སྐྱོན་འདོགས་བྱས་པ་དེ་ནི་རང་བཙན་རྩོད་པའི་ཁ་ཕྱོགས་ནོར་བ་ཡིན་པའི་སྐོར་ལ་ནན་བརྗོད་གནང་བ་མ་ཟད།
ད་དུང་སྲིད་སྐྱོང་མཆོག་གིས། ཉེ་ཆར་༸གོང་ས་མཆོག་ཨ་རིར་ཆིབས་སྒྱུར་སྐབས་དོལ་རྒྱལ་བསྟེན་སྲོལ་བྱེད་མཁན་ཉུང་ཤས་ཤིག་ནས་༸གོང་ས་མཆོག་གིས་ཆོས་དད་རང་དབང་འཕྲོག་ཚུལ་བདེན་པ་མིན་པའི་སྐད་འབོད་ངོ་རྒོལ་བྱས་པ་དེ་ནི་ཧ་ཅང་གི་ཐབས་སྐྱོ་པོ་ཡིན་པ་དང་། དོལ་རྒྱལ་བསྟེན་སྲོལ་བ་ཉུང་ཤས་དེ་ཚོའི་བྱ་སྤྱོད་ནི་༸གོང་ས་སྐྱབས་མགོན་ཆེན་པོའི་སྐུ་ཕྱྭ་དང་འབྲེལ་བ་ཡོད་པའི་གནད་དོན་ཅིག་ཡིན་སྟབས། རྒྱ་ཆེའི་མང་ཚོགས་ནས་ཐུགས་སྣང་དགོས་པའི་འབོད་སྐུལ་ལམ་སྟོན་ཡང་གནང་ཡོད། མཇུག་ཏུ་སྲིད་སྐྱོང་མཆོག་གིས་གོང་དུ་ཆོལ་གསུམ་ཟློས་གར་ཚོགས་པ་དང་། སློབ་ཕྲུག་ནས་རིག་གཞུང་འཁྲབ་སྟོན་གནང་བར་དགྱེས་མཉེས་ཆེན་པོས་བསྔགས་བརྗོད་དང་གདེང་འཇོག་གནང་ཡོད།
སྲིད་སྐྱོང་མཆོག་གིས་དྲི་བར་ལན་འདེབས་གནང་བཞིན་པའི་སྐབས་བོད་མིའི་ཡུན་རིང་གི་གྲོགས་པོ་སྙན་གྲགས་ཅན་གྱི་གློག་བརྙན་འཁྲབ་སྟོན་པ་སྐུ་ཞབས་རི་ཆ་ཀྲེགྷིར་ཚོགས་ཁང་ཕུན་ཚོགས་སྡེ་བཞིར་སྲིད་སྐྱོང་མཇལ་བར་ཕེབས་པ་མང་ཚོགས་ནས་ཤེས་མ་ཐག ཚོགས་ཁང་ཡོངས་སུ་དགའ་བསུའི་ཐལ་མོའི་འདེབས་སྒྲས་ཁེངས། སྐུ་ཞབས་རི་ཆ་ཀྲེགྷིར་ནས། དེ་རིང་འདིར་བཅར་ཐུབ་པ་དང་། ལྷག་པར་དུ་བོད་མིའི་སྤྱི་ཚོགས་འདི་ལྟ་བུའི་ཚགས་ཚུད་ཡོད་པ་མཐོང་དུས་ཧ་ཅང་སེམས་པརདགའ་ཚོར་ཆེན་པོ་བྱུང། ཁྱེད་རང་ཚོ་ག་དུས་ཡིན་རུང་ངའི་སེམས་ནང་ཡོད་ཅེས་གསུངས། དེ་འདྲའི་མཚམས་ཞིག་ལ་དེ་སྔ་དང་། ལྷག་པར་དུ་ཐེངས་འདིའི་སྲིད་སྐྱོང་མཆོག་གི་གསུང་བཤད་ལས་རིམ་གྲ་སྒྲིག་བྱེད་པའི་བརྒྱུད་རིམ་ནང་དྭངས་བླངས་ཞབས་ཞུ་གནང་མཁན་སྤྱི་མཐུན་ཚོགས་པའི་རྒྱུན་ལས་ལི་ཐང་བསམ་གྲུབ་དང་། འབའ་པ་བསམ་གཏན་སོགས་ལ་ཚོགས་གཙོས་བསྔགས་བརྗོད་དང་འབྲེལ་སྲིད་སྐྱོང་གི་ཕྱག་ནས་མཇལ་དར་གནང་སྟེ། ཁོང་རྣམ་པའི་ལྷག་བསམ་ལ་གདེང་འཇོག་མཚོན་པ་གནང་།
སྤྱི་མཐུན་ཚོགས་པའི་ཚོགས་གཞོན་སྐལ་བཟང་རྒྱ་མཚོ་ལགས་ནས་ཚང་མའི་ངོ་ཚབ་གནང་སྟེ། སྲིད་སྐྱོང་མཆོག་དང་། དེ་མིན་གྱི་འབྲེལ་ཡོད་ཁག་ལ་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག ནིའུ་ཡོཀ་དང་ནིའུ་འཇར་སི་མི་མང་རྣམས་ནས་སྤྱི་ཚོགས་ཁྲོད་ཀྱི་གཏམ་འཆལ་འདྲ་མིན་ལ་མགོ་མ་འཁོར་བར། རང་ཅག་རྣམས་ལ་བཀའ་དྲིན་ཟླ་མེད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་ ༡༤ པ་ཆེན་པོ་མཆོག་གི་བླང་དོར་ལམ་སྟོན་དང་། བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་འོག ཁ་ཕྱོགས་དང་འགྲོ་ལམ་མ་ནོར་བ་བྱེད་རྒྱུའི་ཆོད་སེམས་ལ་འགྱུར་བ་ནམ་ཡང་མེད་ཅེས་ཞུས་རྗེས་ལས་རིམ་ཆ་ཚང་ལེགས་པར་གྲུབ། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས། སྲིད་སྐྱོང་མཆོག་དང་། ཚོགས་སྐྱིད་ཡོངས་ཀྱི་སྐུ་ཚབ་རྣམས་ལ་ཉིན་གུང་གསོལ་ཚིགས་ཕུལ་བ་དགྱེས་བཞེས་གནང་རྗེས། སྲིད་སྐྱོང་མཆོག་སྐུ་ཚབ་དོན་གཅོད་དང་། ཚོགས་སྐྱིད་ཁག་གི་ཕེབས་སྐྱེལ་འོག་ནིའུ་ཡོཀ་རྒྱལ་སྤྱིའི་གནམ་ཐང་བརྒྱུད་ཡུ་རོབ་ཁུལ་དུ་གཞུང་དོན་ཕྱོགས་ཕེབས་གནང་འགོ་ཚུགས་པ་བཅས།།