༢༠༡༣ ཟླ་ ༡༡ ཚེས་ ༢༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༢༣ ཕྱེད་ཡོལ་ཆུ་ཚོད་ ༣ ཐོག་ཧི་མ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལར་རྟེན་གཞི་བྱས་པའི་ཧི་མ་ཅལ་གཙུག་ལག་སློབ་གྲྭས་མགྲོན་འབོད་ཞུས་དོན་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་གསུང་བཤད་གནང་ཡོད། དེ་ཡང་མཛད་སྒོའི་ཐོག་མར་སྲིད་སྐྱོང་མཆོག་དང་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སྐུ་ཞབས་ཨེ་ཌི་ཨེན་བྷ་ཇི་པ་ཡི་ (A.D.N Bajpai) མཆོག་གིས་སྣང་གསལ་ཞལ་ཕྱེ་གྲུབ་མཚམས་གཙུག་ལག་སློབ་གྲྭའི་རིགས་ཀྱི་གླུ་དབྱངས་སུ་གྱེར། ཉེ་བའི་རིགས་བདག་མཆོག་གིས་སྲིད་སྐྱོང་མཆོག་ལ་ཆེད་བསྟོད་ཀྱི་ཤོལ་ (Shawl) དང་ཕྱག་རྟགས་ (Momento) ཤིག་ཕུལ་བ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་མཆོག་ལའང་ཆེ་བསྟོད་ཀྱི་མེ་ཏོག་དང་ཤོལ་ཕུལ་ཡོད། དེ་རྗེས་གཙུག་ལག་སློབ་གྲྭའི་ཉེ་བའི་རིགས་བདག་མཆོག་གིས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་གནང་བ་དང་སྦྲགས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཙུག་ལག་སློབ་ཁང་དུ་གདན་ཞུའི་ཆེད་སྲིད་སྐྱོང་མཆོག་ནས་མཐུན་འགྱུར་རོགས་རམ་གནང་རོགས་ཞེས་འབོད་སྐུལ་ཡང་ཞུས་ཡོད།
དེ་རྗེས་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། བཙན་བྱོལ་བོད་མིའི་མང་གཙོ་འདི་རྒྱ་གར་གྱི་མང་གཙོའི་ཆ་ཤས་ཤིག་ལ་ངོས་འཛིན་བྱེད་ཆོག གང་ཡིན་བརྗོད་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རྒྱ་གར་གྱི་རྩ་ཁྲིམས་ལ་གཞི་བཅོལ་བ་དང་། བོད་མིའི་གྲོས་ཚོགས་ལམ་ལུགས་དེ་ཡང་རྒྱ་གར་གྱི་གྲོས་ཚོགས་ལམ་ལུགས་ལ་གཞི་བཅོལ་ཡོད། དཔེར་ན། གྲོས་ཚོགས་སྐབས་སྟོང་པའི་དུས་ཚོད་དང་ (Zero Hours) སྐར་རྟགས་ཅན་གྱི་དྲི་བ་འབུལ་ཆོག་དང་ལན་འདེབས་རྒྱག་ཆོག་སོགས་རྒྱ་གར་གྲོས་ཚོགས་ཀྱི་འགྲོ་ལུགས་དང་གཅིག་མཚུངས་ཆགས་ཡོད། བོད་མི་རྣམས་འཛམ་གླིང་གང་སར་ཁ་ཐོར་དུ་གནས་ཡོད་པར་བརྟེན། ང་ཚོའི་འོས་བསྡུ་དེ་ཡང་རྒྱལ་སྤྱིའི་ཁྱོན་ཡོངས་སུ་ཁྱབ་པའི་ལས་དོན་ཞིག་ཆགས་ཡོད། ངོས་རང་ཐོག་མར་ཕྱི་ལོ་ ༢༠༡༠ ལོར་བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་མཐོ་ཤོས་བཀའ་བློན་ཁྲི་པའི་འོས་མིར་ལང་སྐབས་སེམས་ནང་འོས་ཤོག་འཐོབ་རྒྱུའི་རེ་བ་བརྒྱ་ཆ་གཉིས་ལས་མེད། འོན་ཀྱང་འོས་ཤོག་ཆེད་ངོས་ཀྱིས་རྒྱ་གར་ནང་གནས་སྡོད་བོད་མིའི་གཞིས་ཆགས་ཁག་ཚང་མའི་ནང་དང་། དེ་བཞིན་ཨ་རི་དང་ཡུ་རོབ་སོགས་ནང་བསྐྱོད་དེ་བོད་དོན་འཐབ་རྩོད་ཀྱི་གནས་སྟངས་དང་འབྱུང་འགྱུར་བོད་མིའི་འཐབ་རྩོད་ཁ་ཕྱོགས་ཇི་འདྲ་ཞིག་ལ་བསྒྱུར་དགོས་མིན་སོགས་ཀྱི་ཐད་གཏམ་བཤད་དང་བགྲོ་གླེང་མང་དག་ཅིག་ནང་མཉམ་ཞུགས་བྱས་མཐར་འོས་ཤོག་ཐོབ་སྟེ་ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དུ་འོས་འདེམས་བྱུང་ཡོད། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༠ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་མཆོག་གིས་གསུམ་བཅུའི་དུས་དྲན་བཀའ་སློབ་སྩོལ་སྐབས་ངོས་རང་བཅར་རྒྱུ་བྱུང་། སྐབས་དེར་༸གོང་ས་མཆོག་གིས་འབྱུང་འགྱུར་བཀའ་བློན་ཁྲི་པའི་འོས་ཤོག་སུ་ལ་ཐོབ་ཀྱང་བོད་མིའི་ཆབ་སྲིད་ཀྱི་འགན་ཡོངས་རྫོགས་ཁྱེར་དགོས་པ་བཀའ་སློབ་སྩལ་ནས་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ལོ་ངོ་བཞི་བརྒྱ་ཙམ་ཕྱིན་པའི་ཏཱ་ལའི་བླ་མས་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་མཛད་རྒྱུའི་ལས་རིམ་དེ་ཡོངས་སུ་ཐུགས་སྤོབས་ཆེན་པོའི་ངང་ནས་མཇུག་སྒྲིལ་མཛད་ཡོད། འདི་ནི་བོད་མིའི་མང་གཙོའི་འཕེལ་རིམ་ཐོག་ཧ་ཅང་གལ་ཆེ་བ་དང་ལོ་རྒྱུས་ནང་གནད་འགག་ཆེན་པོ་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་བ་མ་ཟད།
ཕྱི་ལོ་ ༡༩༥༩ ལོར་བོད་ནང་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བཙན་འཛུལ་བྱས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་བོད་མི་སྟོང་ཕྲག་བརྒལ་བར་རྒྱ་གར་དུ་བྲོས་བྱོལ་ལ་ཆིབས་སྒྱུར་བསྐྱངས་ཡོད། སྐབས་དེར་རྒྱ་ནག་དམར་པོས་གཞུང་གིས་བོད་ནང་དུ་བོད་མི་ས་ཡ་མང་པོ་དམར་གསོད་བཏང་བ་དང་བོད་པའི་དགོན་པ་བརྒྱ་ཆ་ ༩༨ གཏོར་བཤིག་བཏང་བ་མ་ཟད། དེང་སྐབས་ཀྱང་བོད་ནང་མུ་མཐུད་བཙན་དབང་གཏོང་བཞིན་ཡོད། ངོས་རང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཡིན་པའི་ཆ་ནས་ལས་འགན་ཧ་ཅང་ལྕི་མོ་ཞིག་ཡོད། ང་ཚོས་རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་ལ་ཁ་གཏད་གཅོག་དགོས། ང་ཚོས་ད་བར་མི་ལོ་ལྔ་བཅུ་ལྷག་གི་རིང་འཐབ་རྩོད་བྱས་པ་རེད། འོན་ཀྱང་བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་དུ་བོད་མི་ ༡༢༢ ནས་རང་ལུས་མེར་སྲེག་བཏང་ཡོད་ཁོངས་ནས་བརྒྱ་ལྷག་འདས་གྲོངས་སུ་གྱུར་ཡོད། བོད་མི་དེ་དག་གིས་རང་ལུས་མེར་སྲེག་བཞིན་དུ་བོད་ལ་རང་དབང་དགོས་པ་དང་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པའི་འབོད་ཚིག་བསྒྲགས་ཡོད། འབོད་ཚིག་དེ་གཉིས་རང་ལུས་མེར་སྲེག་གཏོང་མཁན་ཚང་མའི་སྤྱི་ཡོངས་ཀྱི་འབོད་ཚིག་ཅིག་ཆགས་ཡོད། རང་ལུས་མེར་སྲེག་འདི་ཕྱོགས་གཅིག་ནས་འུ་ཐུག་ཐབས་ཟད་པ་ལྟ་བུ་དང་། ཕྱོགས་གཞན་ཞིག་ནས་བོད་མིའི་ཆོད་སེམས་བརྟན་པོ་མཚོན་བཞིན་ཡོད། རྒྱ་ནག་གཞུང་གིས་དྲག་གནོན་ཧ་ཅང་བྱེད་བཞིན་པ་དེར་བོད་མི་ཚོས་གདོང་ལེན་བྱེད་བཞིན་ཡོད། འོན་ཀྱང་བོད་མི་ཚོ་ད་ཆ་འུ་ཐུག་ནས་རང་ལུས་མེར་སྲེག་གིས་མཚོན་ཚབས་ཆེའི་ལས་འགུལ་རིགས་སྤེལ་བཞིན་ཡོད། བོད་མི་རང་ལུས་མེར་སྲེག་གཏོང་མཁན་ ༡༢༢ ཡོད་པ་དེ་དག་ཚང་མས་སོ་སོ་རང་ཉིད་ལ་གནོད་པ་བྱས་པ་མ་གཏོགས་རྒྱ་མི་རིགས་དང་རྒྱ་མིའི་རྒྱུ་དངོས་ལ་གནོད་པ་གང་ཡང་བསྐྱལ་མེད། བོད་མིའི་སྒྲིག་འཛུགས་ཀྱིས་བོད་ནང་གི་བོད་མི་ཚོར་རང་ལུས་མེར་སྲེག་གིས་མཚོན་ཚབས་ཆེའི་ལས་འགུལ་རིགས་མ་སྤེལ་རོགས་ཞེས་འབོད་སྐུལ་བསྟུད་མར་བྱས་ཀྱང་རང་སྲེག་ལས་འགུལ་མུ་མཐུད་ནས་སྤེལ་བཞིན་ཡོད། སྤྱིར་རྒྱ་ཆེ་ས་ནས་གཟིགས་ན་བོད་འདི་ལྷོ་ཨེ་ཤི་ཡ་དང་རྒྱ་གར།
དེ་བཞིན་ཧི་མ་ཅལ་མངའ་སྡེ་ལྟ་བུར་མཚོན་ནའང་ཧ་ཅང་གལ་ཆེན་པོ་ཆགས་ཡོད། བོད་ལ་འཛམ་གླིང་གི་སྣེ་གསུམ་པ་ཞེས་འབོད་བཞིན་ཡོད། འཛམ་གླིང་གི་ལྷོ་བྱང་སྣེ་གཉིས་ཕུད་པའི་འཛམ་གླིང་ནང་གི་འཁྱག་རོམ་གྱི་ཆུ་མཛོད་ཆེ་ཤོས་དེ་བོད་ནང་ཡོད། བོད་ཀྱི་འཁྱག་རོམ་དེ་དག་བཞུར་སྐབས་རྒྱུག་ཆུ་ཆགས་བཞིན་ཡོད། དཔེར་ན་གླང་ཆེན་ཁ་འབབ་ (Sutlej) དང་སེང་གེ་ཁ་འབབ། (Indus) སོགས་བོད་ནས་རྒྱ་གར་ལ་དྭགས་དང་ཀ་ཤི་མིར་སོགས་བརྒྱུད་ནས་པ་ཀི་སི་ཐན་ཕྱོགས་སུ་རྒྱུག་བཞིན་ཡོད། དེ་བཞིན་ཡར་ཀླུངས་གཙང་པོ་ (Brahmaputra) ལྟ་བུར་མཚོན་ན་བོད་ནས་རྒྱ་གར་བརྒྱུད་བྷང་ལ་དེ་ཤི་ཕྱོགས་སུ་རྒྱུག་བཞིན་ཡོད། དེ་བཞིན་རྫ་ཆུ་ (Mekong river ) དང་། རྒྱལ་མོ་རྔུལ་ཆུ། (Salween river ) འབྲི་ཆུ། (Yangtse river) རྨ་ཆུ (Yellow river) སོགས་བོད་ནས་རྒྱ་ནག་དང་འབར་མ་སོགས་ཀྱི་ནང་རྒྱུག་བཞིན་ཡོད། རྒྱུག་ཆུ་དེ་དག་ཚང་མའི་ཆུ་མགོ་བོད་ལ་ཐུག་ཡོད། དེར་བརྟེན་བོད་ནི་མི་འབོར་ཐེར་འབུམ་མང་པོའི་འཚོ་གནས་ལ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་མཐར་ཧི་མ་ཅལ་གཞུང་མང་གཉིས་ཀྱིས་ཁུལ་འདིར་གནས་འཁོད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་བོད་མི་སྐྱབས་བཅོལ་བ་རྣམས་ལ་ད་བར་བཀའ་དྲིན་ཆེན་པོས་གཟིགས་རྟོག་གནང་བར་བཀའ་དྲིན་རྗེས་དྲན་གྱི་ཐུགས་རྗེ་ཆེ་ཞུས་ཡོད།།