༢༠༡༣ ཟླ་ ༡༡ ཚེས་ ༢༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༢༥ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཐོག་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་གསར་པའི་ནང་དུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཞབས་ཞུ་ཚོགས་པས་གོ་སྒྲིག་གནང་ཐོག་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་ཁག་གཅིག་དང་གསར་འགོད་པ། ཚོགས་སྐྱིད་ཁག་གི་གནད་ཡོད་མི་སྣ་དང་འཐུས་མི་བཅས་ཁྱོན་མི་གྲངས་ ༥༠ འདུ་འཛོམས་ཀྱིས་ཐོག་མར་སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས་ཀྱིས་འཚམས་འདྲི་དང་ལས་རིམ་ངོ་སྤྲོད་གནང་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་འོད་སྡེར་དབུ་འབྱེད་གནང་ཡོད།
དེ་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་དང་གཉེན་ཉེ་ཡིན་ལ་འབྲེལ་ལམ་དམ་ཟབ་ཡོད་པའི་དགེ་བཤེས་ལྷ་རམས་པ་རྒན་ཉི་མ་ལགས་ཀྱིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྐུ་ཚེའི་ལོ་རྒྱུས་དང་དམིགས་བསལ་བཙོན་ཁང་ནང་བཞུགས་རིང་གི་གནས་སྟངས། དེ་བཞིན་རིན་པོ་ཆེ་མཆོག་གིས་ཁྲིམས་དང་བརྒལ་བའི་ལས་དོན་སྣེ་གཅིག་བྱས་མེད་པས་ཁྱེད་ཚོས་ངེས་པར་དུ་གོང་རིམ་ལ་ཞུ་གཏུག་བྱེད་དགོས་ཞེས་སོགས་ཀྱི་བཀའ་མངགས་གནང་ཡོད་པ་རྣམས་ངོ་སྤྲོད་གནང་། དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་བའི་ནང་། ད་ཆ་རིན་པོ་ཆེ་མཆོག་གི་མིའི་ཚེ་ཚད་བརྒྱ་ཆ་བརྒྱ་ནས་བདུན་ཅུ་བརྒྱད་ཅུ་རྫོགས་ཟིན་ཡོད་ཀྱང་རིན་པོ་ཆེ་མཆོག་དམྱལ་བ་མི་ཡུལ་དུ་མྱངས་དང་མྱོང་བཞིན་པའི་གནས་སྟངས་ཆགས་ཡོད།
ཕྱི་ལོ་ ༢༠༠༢ ལོར་བཙོན་འཇུག་བྱེད་སྐབས་ཀྱི་སྐུ་དཔར་མཇལ་སྐབས་ཧ་ཅང་གཟི་བརྗིད་ཆེན་པོ་ཡོད་ཀྱང་ད་ལྟའི་སྐུ་དཔར་མཇལ་སྐབས་ཧ་ཅང་གི་ཉམ་དམས་སུ་གྱུར་ཏེ་བཟོད་མ་ཐུབ་པ་ལྟ་བུར་གྱུར་ཡོད་པ་སྐུའི་རྣམ་པའི་ཐོག་ནས་ཤེས་ཐུབ་པ་ཆགས་ཡོད། དེར་བརྟེན་དེ་རིང་དངོས་གནས་བྱས་ན་དེ་བས་གཞི་རྒྱ་ཆེ་ཙམ་ཞིག་བྱེད་རྒྱུ་གལ་ཆེན་པོ་རེད། འོན་ཀྱང་ད་རེས་ས་བཅད་མ་སྟོང་ཙམ་གྱི་ཐོག་ནས་གོམ་པ་དང་པོར་འདི་ལྟར་གནང་ཐུབ་པར་ཧ་ཅང་གི་དགའ་ཚོར་ཆེན་པོ་བྱུང་། དེ་ལྟར་རིན་པོ་ཆེ་མཆོག་གིས་གསུངས་དོན་ལྟར། རྒྱ་ནག་གི་ཁྲིམས་དང་འགལ་བའི་ཕྱག་ལས་གང་ཡང་གནང་མེད། དེར་བརྟེན་ཁྲིམས་མཐུན་གྱི་ཞུ་གཏུག་ལས་འགུལ་ག་རེ་སྤེལ་ནའང་སྤེལ་རྐྱང་བྱེད་རོགས་ཅེས་དང་། བོད་ནང་འབྲེལ་ཡོད་ཚང་མས་ཧུར་བརྩོན་ཆེན་པོས་ལས་འགུལ་རིམ་པས་སྤེལ་འདུག་པས་གཟི་བརྗིད་རེད་སྙམ་བཞིན་ཡོད། དེ་བཞིན་འདི་བཙན་བྱོལ་ནང་དུའང་དེ་ལྟ་བུའི་ཞུ་གཏུག་ལས་འགུལ་སྤེལ་རྒྱུ་དང་རྒྱལ་སྤྱིའི་སྟེང་དུའང་སྤེལ་རྒྱུ་གལ་ཆེན་པོ་རེད་སྙམ་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་རྗེས་སེར་སྨད་བློ་དགའ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་དཔའ་ངར་ཞུམ་པ་མེད་པའི་ལོ་ཟླའི་བརྙན་པར། ཞེས་པའི་འོད་སྡེར་བསྟན་ཏེ་གསར་འགོད་གསལ་བསྒྲགས་གྲུབ།
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ནི་ཕྱི་ལོ་ ༡༩༥༠ ལོའི་བོད་ཟླ་ ༩ པའི་ལྷ་བབས་དུས་ཆེན་ཉིན་སྐུ་འཁྲུངས་ཏེ་ད་ཆ་དགུང་གྲངས་ ༦༤ ཕེབས་ཀྱི་ཡོད། རིན་པོ་ཆེ་མཆོག་ཆུང་དུས་ནས་སྤྱི་ཚོགས་ཀྱི་བསམ་བློའི་ཆུ་ཚད་མཐོ་བ་དང་བོད་མིའི་ལ་རྒྱའི་ཐོག་འབུར་དུ་ཐོན་པའི་མཛད་ཚུལ་བཞེས་པར། གུང་ཁྲན་གྱི་ཕྱོགས་ནས་བོད་མི་གཞན་དང་མི་འདྲ་བར་ཁོང་ལ་ལྟ་སྟངས་སྡུག་པོའི་འོག དུས་ཡུན་རིང་པོར་མེ་མདའི་སོ་ཁ་དང་སྡིགས་རའི་ཁྲོད་བཞུགས་དགོས་བྱུང་ཡོད། ཕྱི་ལོ་ ༡༩༨༢ ནས་ ༡༩༨༧ བར་རྒྱ་གར་དུ་ཕེབས་ཏེ་སློབ་གཉེར་གནང་མྱོང་ཡོད།
དེ་ནས་ཕ་ཡུལ་མི་མང་གིས་རེ་བཏོན་ལྟར་བོད་དུ་ཕེབས་ཏེ་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་ཡང་སྒོས་བོད་ཀྱི་རིག་གནས་དང་སྤྱི་ཚོགས་ཀྱི་ལམ་སྟོན་རྒྱ་ཆེ་གནང་ཡོད། ཕྱི་ལོ་ ༢༠༠༢ ལོའི་ཟླ་ ༤ ཚེས་ ༧ ཉིན་གྱི་མཚན་མོར་རྒྱ་ནག་གི་གསང་ལས་མི་སྣ་དང་དྲག་ཆས་ཉེན་རྟོག་པ་ཁ་མཐུན་ཐོག་རིན་པོ་ཆེ་མཆོག་ནག་ཉེས་གང་ཡང་མེད་རུང་བཙན་བཟུང་དང་ལྐོག་ཁྲིད་བྱས་ཏེ་ད་བར་མི་ལོ་བཅུ་གཅིག་འགྲོ་བཞིན་ཡོད་པ་བཅས།།