༢༠༡༣ ཟླ་ ༡༡ ཚེས་ ༡༣ རེས་གཟའ་ལྷག་པ།
༄༅། །དེང་སྐབས་པོ་ལེན་ཌིའི་རྒྱལ་ས་ཝར་སོའི་ Warsaw ནང་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་རྒྱལ་སྤྱིའི་ལྷན་ཚོགས་ COP19 ཐེངས་ ༡༩ འཚོགས་བཞིན་པའི་སྐབས་འདིར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ཁོར་ཡུག་ཚན་པའི་ལས་བྱེད་འཇིག་མེད་ནོར་བུ་ལགས་དང་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་གཉིས་ཀྱིས་མཉམ་ཞུགས་གནང་ཡོད། དེ་ཡང་ལྷན་ཚོགས་དེ་ནི་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༡ ནས་ ༢༢ བར་འཚོགས་བཞིན་ཡོད་འདུག་པ་དང་། ལྷན་ཚོགས་ཀྱི་ཚོགས་གཙོ་གསར་པར་བསྐོ་གཞག་བྱུང་བ་སྐུ་ཞབས་མར་སིན་ཀོ་རོ་ལེག་ Mr. Marcin Korolec མཆོག་ནི་པོ་ལེན་ཌིའི་ཁོར་ཡུག་སྲུང་སྐྱོབ་ཀྱི་བློན་ཆེན་ཡིན་པ་དང་། ལྷན་ཚོགས་དབུ་འབྱེད་ཀྱི་མཛད་སྒོའི་གཏམ་བཤད་ནང་ཁོང་གིས་ང་ཚོ་ཚང་མས་འཕྱར་གྲུ་མཉམ་འདེགས་ཀྱི་ཐོག་ནས་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཉེན་ཁར་གདོང་ལེན་བྱེད་དགོས་སྐོར་སོགས་ཀྱི་གསུང་བཤད་གནང་།
གཞན་ཡང་སྐབས་དེར་ཕི་ལི་པིན་སིའི་སྐུ་ཚབ་མཆོག་གིས་ཉེ་ལམ་ཡུལ་དེའི་ནང་མཚོ་རླུང་དྲག་པོས་མི་རྒྱུ་གཉིས་ལ་ཧ་ཅང་གནོད་འཚེ་ཆེན་པོ་བཟོས་ཡོད་སྐོར་སོགས་ཞིབ་ཕྲ་གསལ་བཤད་གནང་ཡོད།
ལྷན་ཚོགས་འདི་ནི་ཕྱི་ལོ་ ༡༩༩༥ ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གོ་སྒྲིག་འོག་འཇར་མན་གྲོང་ཁྱེར་བྷར་ལིན་ནང་ཐོག་མར་ཚོགས་པ་དང་། ལྷན་ཚོགས་དེའི་མིང་བྱང་དུ་ COP1 ཞེས་བཏགས་ཡོད། དེ་སྔ་ཕྱི་ལོ་ ༢༠༠༩ ལོར་ཌེན་མག་རྒྱལ་ས་ཀོ་ཕེན་ཧེ་གན་ Copenhagen ནང་ལྷན་ཚོགས་ཐེངས་ ༡༥ པ་ COP15 དང་། ཕྱི་ལོ་ ༢༠༡༢ ལོར་ཀ་ཏར་ (Qatar) རྒྱལ་ས་དོ་ཧའི་ Doha ནང་ལྷན་ཚོགས་ཐེངས་ ༡༨ COP18 འཚོགས་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་རྣམས་ནས་མཉམ་ཞུགས་གནང་ཐུབ་པ་བྱུང་ཡོད།
ཐེངས་འདིའི་ལྷན་ཚོགས་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་གཉིས་ཀྱིས་གསལ་འདོན་གནང་རྒྱུའི་གནད་དོན་གཙོ་བོ་རྣམས་ནི།
༡༽མཐོ་སྒང་བོད་ཀྱི་འབྲོག་པ་རྣམས་འབྲོག་ས་ནས་ཕྱིར་འབུད་བཏང་སྟེ་འབྲོག་པ་སྐྱེ་སྤོ་བྱ་རྒྱུའི་སྲོལ་རྒྱུན་གཏོར་གཤིག་བཏང་བ་དང་། རྩྭ་ཐང་གཏོར་བཤིག་བཏང་བའི་སྐོར་དང་།
༢༽གཏེར་ཁ་སྔོག་འདོན་གྱི་ལས་གཞི་དང་བོད་ཀྱི་ཁོར་ཡུག་གཏོར་བཤིག་གཏོང་བཞིན་པའི་སྐོར།
༣༽རྒྱལ་སྤྱིའི་ཐོག་བོད་ཀྱི་རྒྱུག་ཆུའི་གལ་གནད་སྐོར།
༤༽གོ་ལའི་གནམ་གཤིས་འགྱུར་ལྡོག་གིས་བོད་ཀྱི་ཁོར་ཡུག་ལ་ཛ་དྲག་གི་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་པའི་སྐོར་བཅས་ཡིན་འདུག