༄༅། །དེ་རིང་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༢༥ ཉིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་དགུང་ལོ་ ༦༤ ལ་ཕེབས་པ་དང། རྒྱ་གཞུང་གིས་བཙོན་འཇུག་བྱས་ནས་ལོ་གྲངས་ ༡༡ སོང་བ། ཉེ་དུས་རིན་པོ་ཆེ་དང་འབྲེལ་ཡོད་ཁག་གཅིག་བཙོན་ཁང་དུ་ཐུག་འཕྲད་ལ་སོང་བའི་སྐབས་ཀྱི་གནས་ཚུལ་འགྲེལ་བརྗོད། ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་དང། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་ཚོས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྐོར་ཆེད་མངགས་གསུང་བཤད་གནང་བའི་འོད་སྡེར་ཞིག་དབུ་འབྱེད་དང་བསྟུན་ནས་གསལ་བསྒྲགས་ཞུ་རྒྱུ།
དགོངས་མངའ་བཞིན་ཆོས་ཀྱི་སློབ་དཔོན་ཆེན་པོ་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལ། རྒྱ་གཞུང་གིས། ཕྱི་ལོ་ ༢༠༠༢ ཟླ་ ༤ ཚེས་ ༣ ཉིན་སི་ཁྲོན་ཞིང་ཆེན་གྱི་ལྟེ་གནས་གྲོང་འཁྱེར་ཁྲེང་ཏུའི་ཐན་ཕུ་ཐང་ཆེན་དུ་འབར་རྫས་གས་འཐོར་བྱུང་བ་དེའི་ངན་ཁག་གཡོགས་ནས། ཕྱི་ལོ་ ༢༠༠༢ ཟླ་ ༤ ཚེས་ ༧ ཉིན་འཇུ་བཟུང་བྱས་ཡོད། ཕྱི་ལོ་ ༢༠༠༢ ཟླ་ ༡༢ ཚེས་ ༢ དར་རྩེ་མདོ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། རིན་པོ་ཆེ་ལ། གོང་བརྗོད་འབར་རྫས་གས་འཐོར་དང་མེས་རྒྱལ་ཁ་བྲལ་གཏོང་རྒྱུའི་ངན་སྐུལ་བྱས་པ་སོགས་ཀྱི་འཁྱོག་བཤད་སྣ་ཚོགས་བྱས་ཏེ། ཁོང་གི་སློབ་མ་བློ་བཟང་དོན་གྲུབ་འཕྲལ་དུ་སྲོག་ཐོག་གཏོང་རྒྱུ་དང། རིན་པོ་ཆེ་ལ་ལོ་གཉིས་ནར་འགྱངས་ཀྱིས་སྲོག་ཐོག་གཏོང་རྒྱུའི་ཁྲིམས་ཐག་བཅད་ཡོད། དེར་བརྟེན་རིན་པོ་ཆེའི་གཉེན་ཚན་དང་ཉེ་འབྲེལ་ཁག་གཅིག་གིས། དྲང་བདེན་མིན་པའི་ཁྲིམས་ཆད་དེ་ཁྲིམས་ཁང་གོང་མར་གཏུགས་བཤེར་བྱས་ཀྱང་གོང་གཏུགས་ཕྱིར་ལོག་བྱས། ཕྱི་ལོ་ ༢༠༠༣ ཟླ་ ༡ ཚེས་ ༢༦ ཉིན་སི་ཁྲོན་ཞིང་ཆེན་མཐོ་རིམ་ཁྲིམས་ཁང་གིས། དཀར་མཛེས་འབྲིང་རིམ་ཁྲིམས་ཁང་གིས་ཁྲིམས་ཆད་གཞིར་བཞག་སྟེ་བློ་བཟང་དོན་གྲུབ་སྲོག་ཐོག་བཏང་བ་དང་། རིན་པོ་ཆེ་ལོ་གཉིས་དུས་འགྱངས་ཀྱིས་སྲོག་ཁྲིམས་གཅོད་རྒྱུ་རང་འཇགས་བཞག ཕྱི་ལོ་ ༢༠༠༥ ཟླ་ ༡ ཚེས་ ༢༤ ཉིན་རིན་པོ་ཆེའི་སྲོག་ཁྲིམས་དེ་ཚེ་བཙོན་ལ་བསྒྱུར་བ་ནས་ད་ལྟའི་བར། མི་ལོ་ ༡༡ རིང་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཕྱིན་མེད།
རིན་པོ་ཆེ་བཙོན་འཇུག་བྱས་ནས་བཟུང་ནང་མི་སྤུན་མཆེད་ཚོས་ཁོང་དང་ཐུག་འཕྲད་ཐེངས་བདུན་ལྷག་ཙམ་བྱས་ཡོད་པ་དང། ལོ་སྔོན་མའི་ཕྱི་ཟླ་ ༨ ཚེས་ ༡༦ ཉིན་སི་ཁྲོན་ཞིང་ཆེན་གྱི་ལྟེ་གནས་གྲོང་འཁྱེར་ཁྲེང་ཏུའུ་དང་ཉེ་བའི་ཏའ་ཀྲུའུ་གྲོང་འཁྱེར་ཁྲོན་ཏུང་བཙོན་ཁང་དུ་ཐུག་འཕྲད་བྱས་ཡོད། སྐབས་དེར་རིན་པོ་ཆེ་དང་ལྷན་དུ་ཆུ་ཚོད་ཕྱེད་ཀ་ཙམ་གྱི་རིང་ལ་བཀའ་མོལ་ཞུས་ཡོད་ཅིང། མཐར་རིན་པོ་ཆེ་མཆོག་གིས་ཐུག་འཕྲད་ལ་ཡོང་མཁན་གཉིས་ལ་ཕྱག་བྲིས་ཤིག་གནང་ནས། ༼ངས་རྒྱ་ནག་གི་ཁྲིམས་དང་འགལ་བའི་ལས་དོན་ཏིལ་འབྲུ་ཙམ་ཡང་བྱས་མེད། ཁྱེད་རང་ཚོས་གོང་རིམ་ག་འདྲ་ཞིག་ལའང་ཞུ་གཏུག་བྱེད་ཐུབ་ན་བྱོས། ཡི་གེ་དེ་འཁྱེར་ནས་ལས་ཁུངས་གང་སར་ཞུ་གཏུགས་བྱོས་༽ ཞེས་བཀའ་ནན་ཕེབས་ཡོད་རུང། སྟབས་མ་ལེགས་པར་ཞིག་ལ་ཕྱག་བྲིས་དེ་ཉག་ཆུ་རྫོང་གི་ས་གནས་ཉེན་རྟོག་པས་འཕྲོགས་ཡོད་པ་དང། དེ་ནས་རིན་པོ་ཆེ་དང་ཐུག་འཕྲད་བྱེད་མཁན་ཚོས་ཉེན་རྟོག་པ་དང་ཁ་རྩོད་བརྒྱབ་མཐར། རྗེས་སུ་ཐུག་འཕྲད་བྱེད་མཁན་གཉིས་ཀྱི་ལག་ཏུ་གཏོང་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་སྤྲད་མེད། ཐུག་འཕྲད་ལ་འགྲོ་མཁན་རིམ་པས། རིན་པོ་ཆེ་ལ་སྙིང་གི་ན་ཚ་ཕོག་ཡོད་པ་དང་ཁོང་གློ་བུར་དྲན་མེད་དུ་བརྒྱལ་སོང་བའི་གནས་ཚུལ་སོགས་ཤེས་རྟོགས་བྱུང་འདུག རིན་པོ་ཆེ་ཉིད་དང་རྒྱ་གཞུང་གི་ལས་བྱེད་ཚོས་ཀྱང་རིན་པོ་ཆེ་ལ་ན་ཚ་ཡོད་སྐོར་བརྗོད་ཡོད། ད་དུང་ཞབས་གཉིས་ཀྱང་ཐང་ཐང་མེད་པ་ཆགས་ཡོད་འདུག་པ་དང། དེ་ཡང་ཐུག་འཕྲད་བ་ཚོས་རིན་པོ་ཆེ་དང་ཁ་གྱེས་སྐབས། རིན་པོ་ཆེ་རྟག་ཏུ་རྐུབ་སྟེགས་ཐོག་ཕེབས་དགོས་པ་ཤེས་རྟོགས་བྱུང་ཡོད།
ཉེ་དུས་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༦ ཉིན་སླར་ཡང་ཐུག་འཕྲད་བྱས་ཐུབ་ཡོད་པ་དང་བསྟུན་ནས། རིན་པོ་ཆེ་དང་ལྷན་དུ་ཆུ་ཚོད་གཉིས་ཙམ་གྱི་རིང་ལ་བཀའ་མོལ་ཞུས་ཡོད། སྐབས་དེར་རིན་པོ་ཆེ་མཆོག་གིས། ༼ངའི་དོན་དུ་ཁྱེད་ཚོས་གོང་རིམ་ལ་ཞུ་གཏུག་བྱེད་གང་བྱེད་དགོས་ན་བྱོས་ཤིག ལ་ལས་གོང་རིམ་ལ་ཞུ་གཏུག་དང་ལས་འགུལ་སོགས་སྤེལ་ན། ངའི་གནས་སྟངས་སྡུག་ཏུ་འགྲོ་སྲིད་པའི་སྐོར་ཤོད་མཁན་ཡོད་ཚོད་འདུག་ཀྱང་། ང་ད་ལྟའི་སྐབས་ལྷུང་ས་མེད་ན་མ་གཏོགས་ལྷུང་ཚར་བ་རེད། ཞུ་གཏུག་དང་ལས་འགུལ་སོགས་གང་ཞིག་བྱེད་དགོས་ཀྱང་བྱོས་༽ ཞེས་གསུངས་ཡོད་པ་དང། དེ་བཞིན་ཐུག་འཕྲད་འགྲོ་མཁན་མི་གསུམ་གྱིས་དངོས་སུ་མཇལ་བ་ལྟར། རིན་པོ་ཆེ་མཆོག་གི་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་སྐྱོ་པོ་ཆགས་ཡོད་པ་དང། བཀའ་མོལ་གནང་དུས་སྐུ་གཟུགས་འདར་གསིག་རྒྱག་པ་དང་མཚམས་མཚམས་དྲན་མེད་དུ་བརྒྱལ་བ་སོགས་གནས་ཚུལ་ཛ་དྲག་ཅན་དུ་གྱུར་ཡོད་པས། སྐུ་ཚེ་ཡུན་དུ་བཞུགས་མིན་ཐོག་ལ་སེམས་འཚབ་སྐྱེ་དགོས་པའི་གནས་སྟངས་ཤིག་ཆགས་ཡོད།
༼འབོད་སྐུལ་ཞུ་རྒྱུ་༽
གོང་དུ་རིན་པོ་ཆེ་དང་དངོས་སུ་ཐུག་མཁན་ཚོས་ཁོང་གི་སྐུ་གཟུགས་གནས་བབ་འགྲེལ་བརྗོད་ཟིན་པ་ལྟར། རྒྱལ་སྤྱིའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། མི་སྒེར། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་མི་སྒེར་བཅས་ཚང་མས། རབ་ཏུ་བྱུང་ན་རིན་པོ་ཆེ་ཕྱི་ཡི་རྒྱལ་ཁབ་ཅིག་ཏུ་སྨན་བཅོས་ལ་གཏོང་ཐུབ་པའི་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་དང་། དེ་མ་བྱུང་ན་ཕ་ཡུལ་རང་དུ་སྨན་བཅོས་ཀྱི་ཆེད་དུ་གློད་བཀྲོལ་ཡོང་བར་ངེས་པར་དུ་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་ཡིན། དེ་ཡང་ད་ལྟའི་སྐབས་རིན་པོ་ཆེའི་དགུང་ལོའི་བབ་དང་བཙོན་ཁང་དུ་ཡུན་རིང་བཞུགས་དགོས་བྱུང་བ་བཅས་བརྟེན་ནས། འབྲེལ་ཡོད་བོད་མི་ཁྲི་ཚོ་མང་པོས་ཉིན་མཚན་འཁྱོལ་དཀའ་བའི་དཀའ་སྡུག་གི་ཁྲོད་དུ། གང་མགྱོགས་ཁོང་གི་ཞལ་མཇལ་ཐུབ་པ་དང་སྨན་བཅོས་ཀྱི་ཆེད་དུ་གློད་བཀྲོལ་ཡོང་བའི་མངོན་འདོད་བཅངས་ཏེ་གནས་ཡོད་པས། ཁོང་རྣམས་ཀྱི་རེ་འདུན་སོགས་མྱུར་དུ་འགྲུབ་པའི་རྒྱབ་སྐྱོར་གྱི་ལས་འགུལ་སོགས་ལག་བསྟར་སྐྱབས་འཇུག་ཅིས་ནས་ཀྱང་གནང་སྐྱོང་ཡོང་བར་ཞུ།
ཞེས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཞབས་ཞུ་ཚོགས་པ་ནས།
ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༢༥ ཉིན། །
འབྲེལ་གཏུག་ཁ་པར་ཨང་གྲངས། དགེ་བཤེས་ཉི་མ་་་་་་༨༦༧༩༥༩༢༡༥༢
འཇམ་དབྱངས་བཟོད་པ་་་༩༨༡༦༢༡༧༧༤༣