༢༠༡༣ ཟླ་ ༡༡ ཚེས་ ༢༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༢༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་དུ་མཛད་འཕྲིན་ཉིན་མཐའ་མར་ཉི་ཧོང་དུ་གནས་སྡོད་བོད་རིགས་ཁྱོན་མི་གྲངས་ ༡༠༣ ཙམ་ལ་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་དོན། ད་ལྟའི་ཆར་ང་ཚོ་བོད་མི་རྣམས་བོད་ཀྱི་ལོ་རྒྱུས་ནང་དུས་ཚོད་གཉན་འཕྲང་ཧ་ཅང་ཆེ་བའི་སྐབས་ཤིག་ལ་བསླེབས་ཡོད། དེར་བརྟེན་ཁྱེད་རང་ཚོ་རང་དབང་ལུང་པའི་ནང་གནས་སྡོད་བྱེད་བཞིན་ཡོད་ཀྱང་སོ་སོ་བོད་པའི་སྙིང་སྟོབས་དེ་ནམ་ཡང་ཞུམ་པ་མེད་པའི་ཐོག་གནས་ཐུབ་དགོས། ང་ཚོས་གཉིས་སྨན་དབུ་མའི་ལམ་གྱི་ལངས་ཕྱོགས་བཟུང་སྟེ་བོད་ཀྱི་དཀའ་རྙོག་སེལ་རྒྱུའི་རེ་བ་བྱེད་བཞིན་ཡོད། དེང་སྐབས་རྒྱ་ནག་ནང་དུ་ནང་པ་ས་ཡ་ ༤༠༠ ཙམ་ཡོད་པའི་ཁོངས་སུ་མང་ཆེ་བ་ཤེས་ལྡན་པ་དང་བོད་བརྒྱུད་ནང་བསྟན་ལ་དོ་སྣང་ཡོད་མཁན་ཤ་སྟག་རེད། དེར་བརྟེན་རྒྱ་རིགས་ནང་པ་ཁ་ཤས་རྒྱ་གར་དུ་ཆེད་མངགས་ངོས་རང་ཐུག་ཆེད་ཡོང་སྐབས་ཁོང་ཚོ་མང་ཆེ་བས་ངོས་དང་ཐུག་སྐབས་མིག་ཆུ་གཏོང་གི་འདུག རྒྱ་ནག་གཞུང་གི་དཔོན་རིགས་ཁག་གཅིག་བསམ་བློ་ཕྲན་བུ་གུ་ཡངས་དང་དངོས་ཡོད་གནས་ཚུལ་ཁས་ལེན་མཁན་ཡིན་ནའང་གཞན་ཁག་གཅིག་གིས་མཁྲེགས་བཟུང་བྱེད་བཞིན་ཡོད། བོད་མི་ཚོས་ཆོད་སེམས་བརྟན་པོའི་ཐོག་ནས་འཚེ་མེད་ཞི་བའི་ཐབས་ལམ་ལག་བསྟར་བྱས་དང་བྱེད་མུས་ལ་བརྟེན་ད་ལྟའི་ཆར་རྒྱ་རིགས་ཤེས་ལྡན་མི་སྣའི་ཁྲོད་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་འདི་ནི་ང་ཚོར་བཟང་ཕྱོགས་ཀྱི་གྲུབ་འབྲས་ཆེན་པོ་ཞིག་ཐོབ་པར་ངོས་འཛིན་བྱས་ཆོག
ཁྱེད་རང་ཚོས་དུས་རྟག་ཏུ་མི་གཞན་ལ་མགོ་སྐོར་བསླུ་བྲིད་མ་བྱས་པར་ཡ་རབས་བཟང་སྤྱོད་ལྡན་པའི་ཐོག་ནས་མི་ཚེ་སྐྱེལ་ཐབས་བྱེད་དགོས། བོད་མི་རྣམས་ལ་རང་བཞིན་གྱི་སེམས་པ་བཟང་པོ་བྱ་རྒྱུ་དང་། དྲང་བདེན་བྱ་རྒྱུའི་གོམས་གཤིས་དེ་དག་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཉེ་ཆར་ངོས་ཀྱི་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ནང་བོད་མི་ཚོར་ཡ་རབས་བཟང་སྤྱོད་བྱེད་དགོས་སྐོར་ཤོད་སྐབས་ཀྱི་ཉིན་དེ་རང་ལ་བོད་མི་ཞིག་གིས་འཁྲུག་འཛིང་བྱས་ཏེ་མི་གཅིག་བསད་པའི་གནས་ཚུལ་གོ་བྱུང་། དེ་དག་ཧ་ཅང་བློ་ཕམ་པའི་གནས་ཚུལ་རེད། དེར་བརྟེན་ཁྱེད་ཚོས་ཕྲལ་སེལ་གྱི་ཁེ་ཕན་ཕྲན་བུའི་ཆེད་བོད་མིའི་མཚན་མཐོང་བློས་མ་བཏང་བར་བོད་མི་རིགས་ཀྱི་སྲོལ་རྒྱུན་ནས་ཡོད་པའི་རྩ་ཆེའི་རིག་གཞུང་རྒྱུན་འཁྱོངས་ཡོང་ཐབས་བྱེད་དགོས། ཁྱེད་ཚོའི་ཕྲུ་གུ་ཚོས་བོད་སྐད་རྒྱག་རྒྱུ་དང་འབྲི་ཀློག་སྦྱང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཀ་ཤི་མིར་བོད་རིགས་ཁ་ཆེ་བ་གཞོན་སྐྱེས་རྣམས་ཀྱིས་བོད་སྐད་དང་བོད་ཡིག་སློབ་གྲྭ་མེད་ཀྱང་ཁོང་ཚོའི་བོད་སྐད་ཧ་ལས་པའི་ཡག་པོ་རྒྱག་བཞིན་འདུག་པ་དེར་ངོས་རང་ཧ་ལས་བྱུང་། ཁོང་ཚོས་རང་གི་ཕ་མེས་ཡང་མེས་ནས་བོད་སྐད་བཤད་པ་རེད། འོན་ཀྱང་ཨ་རིའི་ནང་བོད་པའི་ནང་མི་གཅིག་གིས་རང་གི་ཕྲུ་གུ་ཚོར་དབྱིན་སྐད་ཁོ་ན་བེད་སྤྱོད་བྱེད་མཁན་ཞིག་དང་ཐུག་བྱུང་། བོད་མི་གཞོན་སྐྱེས་ཁག་གཅིག་གིས་རང་བཙན་རྩོད་བཞིན་ཡོད། རང་བཙན་དེ་ང་ཚོའི་ཐོབ་ཐང་ཡིན། འོན་ཀྱང་༸གོང་ས་སྐུ་ཕྲེང་ ༡༣ ཆེན་པོའི་སྐབས་ཀྱི་རང་བཙན་དེ་ཆོལ་ཁ་གསུམ་ཆ་ཚང་བ་ཞིག་ཚུད་ཀྱི་མེད། འོན་ཀྱང་དུས་རབས་ ༧ དང་ ༩ སྐབས་ཀྱི་བོད་རང་བཙན་གྱི་གནས་སྟངས་དེ་ང་ཚོ་ཙམ་མ་ཟད། རྒྱ་ནག་གི་ལོ་རྒྱུས་ནང་དུའང་གསལ་པོར་འཁོད་ཡོད། ཁ་ཤས་ཀྱིས་ང་ཚོའི་ལངས་ཕྱོགས་དེ་དབུ་མའི་ལམ་ནས་རང་བཙན་ལ་ཁ་འགྱུར་དགོས་ཀྱི་འདུག་ཅེས་བསམ་འཆར་འདོན་བཞིན་ཡོད། ང་ཚོ་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་ཚོས་རང་བཙན་དགོས་ཞེས་ཨུ་ཚུགས་བརྒྱབ་པ་དེས་གཞིས་བཞུགས་བོད་མི་ཚོར་དཀའ་ངལ་འཕྲད་རྒྱུ་ཡིན། སྟོབས་ཆེན་རྒྱལ་ཁབ་ཚོས་ཀྱང་རྒྱ་ནག་ལ་བསྟུན་དགོས་ན་ང་ཚོ་དེ་བས་ལོས་བསྟུན་དགོས། ཕྱི་ལོ་ ༡༩༥༦ དང་ཕྱི་ལོ ༡༩༥༩ ལོ་སོ་སོར་ངོས་ནས་རྒྱ་གར་གྱི་སྲིད་བློན་པན་ཌི་ཏ་ནེ་རུ་མཆོག་དང་མཇལ་འཕྲད་སྐབས་ཨ་རིས་བོད་དོན་ཆེད་རྒྱ་ནག་དང་དམག་ནམ་ཡང་རྒྱག་རྒྱུ་མ་རེད་ཅེས་གསུངས་བྱུང་།
ང་ཚོས་རང་བཙན་དགོས་ཞེས་བརྗོད་ན་འབྲས་བུ་གང་ཡང་ཐོབ་རྒྱུ་མེད་ཁར་དོན་མེད་རྒྱ་ནག་ཁོང་ཁྲོ་སློང་རོགས་རེད། རྒྱ་གར་དང་ཡུ་རོབ་སྤྱི་མཐུན་ཚོགས་པ་གཉིས་ང་ཚོས་མིག་དཔེར་ལེན་ཆོག བོད་པ་ཚོ་ལའང་དཔལ་འབྱོར་འཛུགས་སྐྲུན་ཡར་རྒྱས་དགོས། བོད་པ་ཚོར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་གཅིག་རག་པ་ཡིན་ན་བདེ་སྲུང་དང་ཕྱི་འབྲེལ་མ་གཏོགས་གཞན་ཤེས་ཡོན་དང་སྐད་ཡིག ཆོས། ཁོར་ཡུག་སོགས་ལ་བོད་པ་རང་གིས་འགན་འཁྱེར་རྒྱུ་ཡོང་གི་རེད། ང་ཚོས་ཞོགས་པ་ཡར་ལངས་པ་དང་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་ཞིང་སྡུག་བསྔལ་དང་བྲལ་བ་ཤོག ཅེས་སྨོན་ལམ་ནང་རྒྱ་རིགས་ཚོའང་ཚུད་ཡོད། ང་ཚོས་སེམས་ཅན་ཐམས་ཅད་ནང་ནས་རྒྱ་རིགས་ཚོ་ཕུད་ཀྱི་མེད། ཅེས་བཀའ་སློབ་སྩལ་བསྟུན་༸གོང་ས་མཆོག་ན་རི་ཏ་རྒྱལ་སྤྱིའི་གནམ་ཐང་དུ་ཆིབས་སྒྱུར་བསྐྱངས་ཏེ་རྒྱ་གར་དུ་ཆིབས་ཞལ་བསྒྱུར་ཡོད།།