༢༠༡༣ ཟླ་ ༡༠ ཚེས་ ༡༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༡༠ རེས་གཟའ་ཕུར་བུའི་ཉིན་ཨ་རིའི་གྲོས་ཚོགས་ནང་རྒྱ་ནག་ཐོག་ཆེད་བཙུགས་གནང་བའི་འཛིན་སྐྱོང་ལྷན་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་གནད་དོན་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་ཞིག་བཏོན་པའི་ནང་ཤོག་གྲངས་ ༡༧༢ ནས་ ༡༨༦ བར་བོད་དང་འབྲེལ་བའི་གནས་ཚུལ་ཞིབ་ཕྲ་བཀོད་ཡོད། དེ་ཡང་ཤོག་གྲངས་ ༡༧༢ ནང་ཡིག་འགོར། བོད། ཅེས་བཀོད་པའི་གཤམ་དུ། ༡༽༸གོང་ས་ཏཱ་ལའི་བླ་མ་མཆོག་གམ་ཁོང་གི་སྐུ་ཚབ་དང་ལྷན་རྒྱ་ནག་གཞུང་དབར་གྲོས་མོལ་གྱི་གནས་སྟངས། ༢༽བོད་མིས་རང་ལུས་མེར་སྲེག་བཏང་བའི་སྐོར། ༣༽བསམ་ཚུལ་ཁག་གཅིག ༤༽དྲག་གནོན། ༥༽བོད་མི་ནང་པ་ཚོར་ཆོས་དད་རང་དབང་། ༦༽བོད་པའི་རིག་གཞུང་གི་གནས་སྟངས། ༧༽དཔལ་འབྱོར་འཛུགས་སྐྲུན་ཡར་རྒྱས་ཀྱི་སྲིད་བྱུས་དང་ལག་ལེན། ༨༽བོད་མི་ཆབ་སྲིད་བཙོན་པ་བཀག་ཉར་དང་བཙོན་འཇུག་སྐོར་སྙིང་བསྡུས། ༩༽ད་ཡོད་བོད་མི་ཆབ་སྲིད་བཙོན་པ་བཀག་ཉར་བྱས་པ་དང་བཙོན་འཇུག་བྱས་པའི་གནས་སྟངས་སྐོར། བཅས་འཁོད་ཡོད།
དེ་ཡང་ཚན་པ་དང་པོའི་ནང་བོད་རྒྱ་ཞི་མོལ་སྐོར་འཁོད་དོན།
ཕྱི་ལོ་ ༢༠༠༢ ལོར་བོད་རྒྱ་ཞི་མོལ་བསྐྱར་མཐུད་བྱུང་ཡོད། འོན་ཀྱང་ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༡ ནང་བོད་རྒྱ་ཞི་མོལ་ཐེངས་དགུ་པ་གནང་རྗེས་མཚམས་ཆད་པ་དེ་ནི་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གམ་ཁོང་གི་སྐུ་ཚབ་དང་རྒྱ་ནག་དམར་པོའི་སྲིད་གཞུང་གི་སྐུ་ཚབ་དབར་ཞི་མོལ་གྱི་བར་མཚམས་རིང་ཤོས་ཆགས་ཡོད། འཛིན་སྐྱོང་ལྷན་ཚོགས་ནས་ཀྱང་ཕྱི་ལོ་ ༢༠༡༣ ལོ་འཁོར་སྙན་ཐོ་འདོན་སྐབས་རྒྱ་ནག་གཞུང་ལ་ཞི་མོལ་བསྐྱར་མཐུད་བྱ་རྒྱུའི་འདུན་པ་ཡོད་པའི་རྣམ་པ་གང་ཡང་མ་མཐོང་། ཕྱི་ལོ་ ༢༠༡༢ ཟླ་ ༡༢ ནང་སྐབས་དེའི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་མཱ་རི་ཡཱ་ཨོ་ཏེ་རོ་ Maria Otero མཆོག་གིས་རྒྱ་ནག་གཞུང་ལ་༸གོང་ས་ཏཱ་ལའི་བླ་མ་མཆོག་གམ་ཁོང་གི་སྐུ་ཚབ་དང་ལྷན་ཆ་རྐྱེན་གང་ཡང་མེད་པར་ཞི་མོལ་གནང་དགོས་པའི་རེ་འདུན་བཏོན་ཡོད། ཕྱི་ལོ་ ༢༠༡༣ ཟླ་ ༦ ནང་རྒྱ་ནག་དབུས་གཞུང་གི་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་སྐུ་ཞབས་ཅིན་ཝིས་ Professor Jin Wei གསར་འགོད་པའི་ཆེད་དོན་དྲི་བར་ལན་འདེབས་བྱེད་སྐབས་བརྗོད་དོན། གུང་ཁྲན་ཚོགས་པས་རྣམ་དཔྱོད་ཀྱིས་ཞི་མོལ་བསྐྱར་མཐུད་བྱེད་ཐུབ་ཚེ་སྤྱི་ཚོགས་བརྟན་ལྷིང་ཡོང་རྒྱུུ་མ་ཟད། དུས་ཡུན་རིང་མོའི་བར་གནས་རྒྱུའི་མི་རིགས་འཁོན་འཛིན་གྱི་རྨ་ཁ་མི་བཟོ་བའི་སྔོན་འགོག་བྱེད་ཐུབ། ཏང་གིས་ཏཱ་ལའི་བླ་མ་དགྲ་བོ་ཙམ་ཞིག་ལ་ངོས་འཛིན་བྱས་ཏེ་བསྡད་ན་མ་འགྲིག་པར་ཞི་མོལ་བསྐྱར་མཐུད་དགོས་པ་མ་ཟད། ཆོས་ཕྱོགས་ཀྱི་དབུ་ཁྲིད་མཚན་གནས་ཐོག་༸གོང་ས་ཏཱ་ལའི་བླ་མ་མཆོག་ཧོང་ཀོང་དུ་གདན་ཞུ་དགོས་པའི་བསམ་ཚུལ་ཡང་བཏོན་ཡོད་པ་སོགས་སྙན་ཐོའི་ནང་ལུང་འདྲེན་གནང་ཡོད།
དེ་བཞིན་ཚན་པ་གཉིས་པའི་ནང་བོད་མིས་རང་ལུས་མེར་སྲེག་བཏང་བའི་སྐོར་འཁོད་དོན།
ཆབ་སྲིད་དང་ཆོས་ཀྱི་གནད་དོན་ཐོག་བོད་མི་རང་ལུས་མེར་སྲེག་གཏོང་མཁན་གྱི་ཚད་གཞི་དེ་བཞིན་འཛིན་སྐྱོང་གིས་ཕྱི་ལོ་ ༢༠༡༣ ལོ་འཁོར་སྙན་ཐོ་འདོན་ལོའི་སྐབས་མང་དུ་ཕྱིན་པ་མ་ཟད། ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༡༡།༡༢ ནང་བོད་མི་ ༣༨ ནས་རང་ལུས་མེར་སྲེག་བཏང་སྟེ་གྲངས་ཚད་མཐོ་ཤོས་ཆགས་ཡོད། དུས་སྐབས་དེ་ནི་སྐབས་བཅོ་བརྒྱད་པའི་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་འཚོགས་རྒྱུའི་གྲ་སྒྲིག་བྱེད་བཞིན་པ་ནས་ཚོགས་ཆེན་དངོས་སུ་ཚོགས་པའི་དུས་སྐབས་འཁེལ་ཡོད། རང་ལུས་མེར་སྲེག་གཏོང་མཁན་ཚོས་བོད་ལ་རང་དབང་དགོས་པ་དང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པའི་དགོས་འདུན་བཏོན་པའི་གནས་ཚུལ་ཐོན་ཡོད། ཅེས་སོགས་སྙན་ཐོའི་ནང་བོད་མི་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱི་མཚན་གཞུང་སོགས་ཞིབ་ཕྲ་བཀོད་ཡོད་པ་མ་ཟད། རང་ལུས་མེར་སྲེག་གཏོང་ཡུལ་གྱི་ས་གནས་ཁག་གི་ས་ཁྲ་ཡང་བཟོས་ནས་བཀོད་འདུག