༢༠༡༣ ཟླ་ ༡༠ ཚེས་ ༤ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༡ ཉིན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལར་ཕེབས་ཏེ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་བཞབས་ཝིར་བྷ་ད་ར་སིངྒ་ Shri Virbhadra Singh མཆོག་དང་མཇལ་འཕྲད་ཀྱིས་བཞུགས་སྒར་མེག་གྷན་Mcleod Ganj ཁུལ་བོད་ཀྱི་ཟློས་གར་ཚོགས་པ་ TIPA དང་བྷག་སུ་ལམ་Bhagsunag road ཟུར་དུ་ཡོད་པའི་བོད་མིའི་སྡོད་ཁང་ ༢༡༠ ཙམ་ཡོད་པ་དེ་དག་གཏོར་བཤིག་མི་དགོས་པའི་འབོད་སྐུལ་ཞུས་ཡོད། ཕྱོགས་མཚུངས་ནང་སྲིད་བཀའ་བློན་མཆོག་གིས་སྐབས་དེར་རྒྱ་གར་ཤིང་ནགས་ལས་ཁུངས་ཀྱིས་བོད་མི་ཚོར་སྡོད་ཁང་ནས་ཕྱིར་འབུད་གཏོང་རྒྱུའི་བརྡ་ཁྱབ་བཏང་བའི་སྐོར་སྙན་སྒྲོན་ཞུས་པ་དང་སྦྲགས། བརྡ་ཁྱབ་དེས་མེག་གྷན་གཡས་གཡོན་གྱི་བོད་མི་སྡོད་ཁང་རྩ་མེད་བཟོ་རྒྱུ་མ་ཟད། ལམ་ཟུར་དུ་ཁྲོམ་ས་བཙུགས་ནས་སྡོད་མཁན་བོད་མི་དེ་དག་གི་འཚོ་བའི་མདུན་ལམ་ལ་ཧ་ཅང་དཀའ་ངལ་འཕྲད་རྒྱུ་ཡིན་པ་དང་། འབྲེལ་ཡོད་ས་ཁུལ་དེ་དག་གི་བོད་མི་ཚོས་བོད་མི་སྤྱི་མཚུངས་ལྟར་བོད་ཀྱི་གནད་དོན་གསལ་ཉིན་བོད་དུ་ཕྱིར་ལོག་བྱ་རྒྱུ་ཁོ་ན་མ་གཏོགས་བོད་མི་དེ་དག་གིས་སྤྱི་ས་སྒེར་བཟུང་བྱ་རྒྱུའི་བྱུས་ངན་གྱི་ཀུན་སློང་རྩ་བ་ནས་འཆང་བཞིན་མེད་པར་བརྟེན་སྤྱི་ཁྱབ་བློན་ཆེན་མཆོག་ནས་གང་ཐུབ་རོགས་རམ་ཡོང་བའི་འབོད་སྐུལ་ཤུགས་ཆེ་ཞུས་ཡོད།
ནང་སྲིད་བཀའ་བློན་མཆོག་དང་ལྷན་ནང་སྲིད་ལས་ཁུངས་ཀྱི་ཟུང་དྲུང་ཚེ་རིང་རྡོ་རྗེ་ལགས་དང་རྡ་སའི་ས་གནས་འགོ་འཛིན་སྐུ་ཞབས་བསོད་ནམས་རྡོ་རྗེ་ལགས་ལྷན་དུ་ཕེབས་ཡོད། གཞན་ཡང་སྐབས་དེར་ནང་སྲིད་བཀའ་བློན་མཆོག་གིས་སྤྱི་ཁྱབ་བློན་ཆེན་མཆོག་ལ་ཀངྒ་ར་རྫོང་ལས་ཁུངས་ཀྱིས་མེག་གྷན་བོད་མི་ཁྲོམ་ས་འཛུགས་རྒྱུར་ཆོག་མཆན་མ་སྤྲད་པའི་སྐོར་ཞུས་པ་དང་སྦྲགས། སྤྱི་ཁྱབ་བློན་ཆེན་མཆོག་ནས་གང་མགྱོགས་བོད་མི་དེ་དག་གི་འཚོ་བའི་མདུན་ལམ་ལ་དགོངས་བཞེས་གནང་སྟེ་ལམ་ཟུར་ཁྲོམ་ས་འཛུགས་རྒྱུའི་ཆོག་མཆན་ཐོབ་ཐབས་ཆེད་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་ཞུས་ཡོད།
སྐབས་དེར་སྤྱི་ཁྱབ་བློན་ཆེན་མཆོག་ནས་ཀྱང་རྫོང་དཔོན་མཆོག་ Deputy Commissioner དང་འབྲེལ་བ་གནང་སྟེ་ས་གནས་བོད་མིའི་གནས་སྟངས་སྐོར་ལས་བསྡོམས་ལ་གཟིགས་ཞིབ་གནང་སྟེ་བོད་མིའི་སྡོད་ཁང་དང་ལམ་ཟུར་ཁྲོམ་ས་སོགས་ཀྱི་དཀའ་ངལ་དེ་དག་སེལ་ཆེད་ཐབས་ཤེས་གང་ཡོད་གནང་རྒྱུ་ཡིན་པའི་ཁས་ལེན་ཡང་གནང་ཡོད། ནང་སྲིད་བཀའ་བློན་མཆོག་གིས་ཐེངས་འདིར་སྤྱི་ཁྱབ་བློན་ཆེན་མཆོག་མཇལ་འཕྲད་གནང་བ་མ་ཟད། སྤྱི་ཁྱབ་བློན་ཆེན་མཆོག་གི་སློབ་སྟོན་པ་སྐུ་ཞབས་ཊི་ཇི་ནེ་གི་མཆོག་དང་ Shri T.G. Negi མངའ་སྡེའི་གློག་ཁང་གི་སྤྱི་ཁྱབ་འགན་འཛིན་ Commissioner of HP State Electricity Commission སྐུ་ཞབས་སུ་བྷ་ཤི་སི་ནེ་གི་Shri Subash C.Negi མཆོག དེ་བཞིན་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་བྷི་རི་ཇི་བྷི་ཧ་རི་ལལ་བྷུ་ཊེལ་ Shri Brij Behari Lal Butail, Speaker of Vidhan Sabha མཆོག དེ་བཞིན་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་ Chief Secretary སྐུ་ཞབས་སུ་ཌིབ་ཏ་རོ་ཡི་ Shri Sudripta Roy སོགས་ཀྱིས་གཙོས་གནད་ཡོད་མི་སྣ་མང་དག་གཅིག་མཇལ་འཕྲད་གནང་ཡོད།
ཕྱོགས་མཚུངས་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢༧ ཉིན་བཞུགས་སྒར་མེག་གྷན་ཁུལ་གྱི་ས་གནས་རྒྱ་གར་ཡུལ་མི་ཚོགས་པ་འཕགས་བོད་མཛའ་འབྲེལ་ཚོགས་པ་དང་། ཚོང་ལས་མཐུན་ཚོགས། ཟ་ཁང་དང་མགྲོན་ཁང་མཐུན་ཚོགས། གླ་སྤྱོད་གླང་འཁོར་མཐུན་ཚོགས། སྣུམ་འཁོར་མཐུན་ཚོགས། རྐང་འགྲུལ་དང་རི་འཛེགས་ཚོགས་པ། རྡ་སྟེང་ཡར་རྒྱས་ཚོགས་པ་བཅས་ཐུན་མོང་གིས་མེག་གྷན་དང་བྷག་སུ་ལམ་ཟུར་དུ་ཡོད་པའི་བོད་མིའི་སྡོད་ཁང་དེ་དག་གཏོར་བཤིག་མི་དགོས་པའི་སྐོར་འབྲེལ་ཡོད་རྫོང་དཔོན་ལ་འབོད་སྐུལ་ཞུས་ཡོད།།