༢༠༡༣ ཟླ་ ༡༠ ཚེས་ ༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༡ ནས་ ༣ བར་ཉིན་གྲངས་གསུམ་རིང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་གོ་སྒྲིག་ཐོག་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་ནང་བོད་མིའི་སློབ་གྲྭ་ཁག་འདྲ་མིན་ནས་ཕེབས་པའི་རེག་ཊར་དང་དགེ་རྒན། མདུན་ལམ་སློབ་སྟོན་པ། འཕྲོད་ལས་པ་བཅས་ལ་སློབ་གྲྭ་ཁག་གི་ནང་འཕྲོད་བསྟེན་གནང་ཕྱོགས་དང་མྱོས་རྫས་ངན་གོམས་འགོག་ཐབས་ཀྱི་ཟབ་སྦྱོང་དང་བསྐྱར་ཞིབ་ཚོགས་འདུ་དབུ་འཛུགས་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་དང། སྐུའི་བླ་སྨན་པ་ཚེ་བརྟན་རྡོ་རྗེ་ལགས། འཕྲོད་བསྟེན་དྲུང་ཆེ་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས། འཕྲོད་བསྟེན་དྲུང་འཕར་ཚེ་རྒྱལ་ལགས། ཟུང་དྲུང་མཐུ་སྟོབས་ལགས། ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་རྣམ་པ། འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་པ་ཁག་གཅིག དེ་བཞིན་གསར་འགོད་པ་བཅས་ཁྱོན་མི་གྲངས་ ༣༠ བརྒལ་བ་འདུ་འཛོམས་ཀྱིས་ཐོག་མར་དྲུང་གཞོམ་འཕྲིན་ལས་དཔལ་མོ་ལགས་ཀྱིས་མཛད་སྒོ་གཙོ་སྐྱོང་གནང་ཐོག་འཕྲོད་བསྟེན་བཀའ་བློན་མཆོག་གིས་སྣང་གསལ་ཞལ་ཕྱེ་གནང་གྲུབ་བསྟུན། ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ཚོས་རང་ཉིད་ངོ་སྤྲོད་གནང། དེ་ནས་འཕྲོད་བསྟེན་དྲུང་ཆེས་ཟབ་སྦྱོང་གི་དགོས་དམིགས་སོགས་ཀྱི་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས།
འཕྲོད་བསྟེན་ལས་ཁུངས་ནས་བཟོ་སྒྲིག་གནང་བའི་ཕྲུ་གུའི་འཚར་ལོངས་དང་འབྲེལ་བའི་སློབ་གསོའི་ལམ་སྟོན་༼རེ་བ།༽ཞེས་པའི་དཔེ་དེབ་འཕྲོད་བསྟེན་བཀའ་བློན་མཆོག་གིས་དབུ་འབྱེད་གནང་བ་དང་འབྲེལ་གསུང་བཤད་གནང་དོན། དེ་རིང་སློབ་གྲྭའི་འཕྲོད་བསྟེན་དང་འབྲེལ་བའི་ཟབ་སྦྱོང་དང་མྱོས་རྫས་ངན་གོམས་འགོག་ཐབས་ཐོག་བསྐྱར་ཞིབ་ཀྱི་ཚོགས་འདུ་འདི་བཞིན་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་གཞི་ཧ་ཅང་གལ་ཆེན་ཞིག་ཏུ་རྩི་བཞིན་ཡོད། འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་མིའི་ནུས་པའམ་ལས་བྱེད་ཚོའི་ནུས་པ་ཤུགས་ཆེ་རུ་གཏོང་རྒྱུ་དེ་འཕྲོད་བསྟེན་ལས་ཁུངས་ཀྱི་གནད་དོན་གལ་ཆེན་ལྔ་ནས་གཅིག་རྩི་བཞིན་ཡོད། དེར་བརྟེན་སློབ་གྲྭའི་རེག་ཊར་རྣམ་པ་དང། དགེ་རྒན་རྣམ་པ། མདུན་ལམ་སློབ་སྟོན་པ་རྣམ་པ། ཁྱིམ་ཚང་ཁག་གི་ལགས་དང་ཨ་མ་ལགས་རྣམ་པ། སྨན་ཞབས་པ་རྣམ་པ་བཅས་ལ་སློབ་གྲྭའི་ནང་གི་འཕྲོད་བསྟེན་ཡག་ཏུ་གཏོང་རྒྱུར་རྣམ་པ་ཚོར་འགན་ཡོད་པར་བརྟེན། འཕྲོད་བསྟེན་ལས་ཁུངས་ནས་རྣམ་པ་ཚོར་ལམ་སྟོན་གནང་རྒྱུ་དང་རྣམ་པ་ཚོའི་ངོས་ནས་དགོངས་འཆར་སོགས་གསུངས་རྒྱུའི་ཐོག་ལོ་ལྟར་རེ་བཞིན་ཟབ་སྦྱོང་དང་ཚོགས་འདུ་གོ་སྒྲིག་ཞུས་དང་ཞུ་བཞིན་ཡོད། ཐེངས་འདིར་སློབ་གྲྭའི་འཕྲོད་བསྟེན་ཁོ་ནའི་ཆེད་ཟབ་སྦྱོང་ཚོགས་པ་ཕལ་ཆེར་དང་པོ་ཆགས་ཡོད་བསམས་ཀྱི་འདུག
དེར་བརྟེན་སློབ་གྲྭ་རང་གི་འཕྲོད་བསྟེན་ཡར་རྒྱས་གཏོང་ཕྱོགས་ཐད་ད་གིན་འཕྲོད་བསྟེན་ལས་ཁུངས་ཀྱིས་བཟོ་སྒྲིག་གནང་བའི་དཔེ་དེབ་དེའི་ནང་གསལ་པོ་འཁོད་ཡོད། སློབ་གྲྭའི་ནང་ཕྲུ་གུ་ཡར་འཚར་ལོངས་བྱེད་སྐབས་ཀྱི་འཕྲོད་བསྟེན་ཐོག་དོ་སྣང་གནང་རྒྱུ་དང། བུ་དང་བུ་མོའི་འབྲེལ་བ་བྱེད་སྟངས་སོགས་དེ་དག་གི་ཐོག་ང་ཚོ་བོད་མིའི་སྤྱི་ཚོགས་ནང་ངོ་ཚ་སྨིན་པོ་ཡོད་སྟབས། གནད་དོན་དེ་དག་གི་ཐོག་སློབ་གྲྭ་ཁག་གི་ནང་དགེ་རྒན་དང་སློབ་ཕྲུག་དབར་གྲོས་བསྡུར། དེ་བཞིན་ཕྲུ་གུའི་ཕ་མ་ཚོ་དང་མཉམ་གྲོས་བསྡུར་ཡོང་རྒྱུར་ཟབ་སྦྱོང་དང་ཚོགས་འདུ་འདིའི་བརྒྱུད་ལམ་སྟོན་ཞུ་རྒྱུའི་འབད་བརྩོ་བྱེད་བཞིན་ཡོད། སློབ་གྲྭའི་འཕྲོད་བསྟེན་དེ་མང་ཚོགས་ཀྱི་འཕྲོད་བསྟེན་ཁོངས་ཚན་པ་གལ་ཆེ་ཤོས་ཤིག་ཆགས་ཡོད། དེར་བརྟེན་སློབ་གྲྭའི་འཕྲོད་བསྟེན་གྱི་འགན་གཙོ་བོ་དེ་ཕ་མ་རྣམ་པ་དང། དགེ་རྒན་རྣམ་པ། འཕྲོད་བསྟེན་དང་འབྲེལ་བའི་ཐོག་འཛིན་སྐྱོང་ཕྱག་ལས་གནང་མཁན་རྣམ་པ་དཔེར་ན། འཕྲོད་བསྟེན་ལས་ཁུངས་དང། ཤེས་རིག་ལས་ཁུངས། སློབ་གྲྭའི་འཛིན་སྐྱོང། སློབ་གྲྭའི་ནང་ཡོད་འཕྲོད་བསྟེན་ཚོགས་ཆུང་། བཅས་སློབ་གྲྭའི་འཕྲོད་བསྟེན་དེ་སྡེ་ཚན་ཁག་ལ་རགས་ལུས་པ་དང་འགན་ཆགས་ཡོད་ཅེས་ཞུ་རྒྱུ་ཡིན། ཞེས་དང།
དེ་བཞིན་བཀའ་བློན་མཆོག་གིས་སློབ་ཕྲུག་རྣམས་ཀྱི་ཟས་བཅུད་གལ་ཆེན་ཡིན་སྐོར་དང་། སློབ་གྲྭའི་ནང་སློབ་ཕྲུག་གཅིག་གི་གཅིག་ལ་དབང་ཡོད་ཤོད་རྒྱུ་དེས་ཕྲུ་གུའི་སེམས་ཁམས་འཕྲོད་བསྟེན་གྱི་ཐོག་ཤུགས་སྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པར་བརྟེན། སློབ་གྲྭའི་འབྲེལ་ཡོད་ཚང་མས་འགན་ཆེ་ཙམ་བཞེས་ཏེ་གནད་དོན་དེ་དག་གི་ཐོག་དོ་སྣང་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་སོང་།
གཞན་ཡང་ཉིན་གསུམ་རིང་འཚོགས་རྒྱུའི་ཟབ་སྦྱོང་དུ་ཟབ་ཁྲིད་གནང་མཁན་ཁོངས་སུ་སྐུའི་བླ་སྨན་པ་ཚེ་བརྟན་རྡོ་རྗེ་ལགས་དང། དབུས་སྨན་རྩིས་ཁང་ནས་སྨན་པ་ཚེ་དབང་རྟ་མགྲིན་ལགས། བོད་ཀྱི་དཔེ་མཛོད་ཁང་གི་དགེ་བཤེས་ལྷག་རྡོར་ལགས་བཅས་སོགས་ཡིན་འདུག ཐེངས་འདིའི་ཟབ་སྦྱོང་ཐོག་སློབ་གྲྭ་ཁག་ནས་ཁྱོན་མི་གྲངས་ ༢༧ མཉམ་ཞུགས་གནང་འདུག་པ་བཅས།།