སྤྱི་ཚོགས་འཕྲོད་བསྟེན་དང་འབྲེལ་བའི་ཟབ་སྦྱོང་ལེགས་གྲུབ་བྱུང་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༣༡ རེས་གཟའ་ཕུར་བུའི་ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྡ་སར་རྟེན་གཞི་བྱས་པའི་བདེ་ལེགས་སྨན་ཁང་གི་གོ་སྒྲིག་འོག་བཙུན་དགོན་བརྒྱད་ཀྱི་བཙུན་མ་གྲངས་ ༩ ལ་སྤྱི་ཚོགས་འཕྲོད་བསྟེན་དང་འབྲེལ་བའི་ཟབ་སྦྱོང་ཐེངས་ ༢༩ པ་དེ་མཇུག་བསྒྲིལ་གནང་ཡོད། དེ་ཡང་བཙུན་མ་རྣམས་ཟླ་བ་གཅིག་དང་ཕྱེད་རིང་ནད་པ་བརྟག་དཔྱད་དང་སྨན་སྤྲོད། སྨན་ཁབ་རྒྱག་སྟངས་སོགས་དང་། ལྷག་པར་བུད་མེད་ཀྱི་ནད་རིགས་ལ་སྨན་བཅོས་འཕྲོད་བསྟེན་གནང་ཕྱོགས་ཐོག་ཟབ་སྦྱོང་གནང་ཡོད། ཟབ་སྦྱོང་མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་དུ་འཕྲོད་བསྟེན་དྲུང་ཆེ་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ཕེབས་ཡོད། སྐབས་དེར་ཐོག་མར་བོད་མི་མང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ནས་ཟབ་སྦྱོང་དང་འབྲེལ་བའི་ངོ་སྤྲོད་གནང་དོན། ཟབ་སྦྱོང་འདི་ལྟ་བུ་ཁ་སྔོན་གདན་ས་ཁག་ནས་ཕེབས་པའི་དགེ་འདུན་པ་རྣམས་ལ་ཕུལ་བ་རེད། ད་ཐེངས་བཙུན་དགོན་ཁག་ཅིག་གི་བཙུན་མ་དགུ་ལ་འཕྲོད་བསྟེན་ལས་བྱེད་ཀྱིས་སྦྲོང་བརྡར་ཞིག་ཟླ་བ་གཅིག་དང་ཕྱེད་རིང་ཕུལ་ཡོད། ཟབ་སྦྱོང་འདི་གཙོ་བོ་འདི་གའི་སྤྱི་ཚོགས་འཕྲོད་བསྟེན་སྡེ་ཚན་གྱི་ཚེ་རིང་དཔལ་སྒྲོན་ལགས་དང་སློབ་ཁྲིད་གནང་མཁན་སྨན་པ་ཚོ་རེད། ཟབ་སྦྱོང་འདི་ཐེངས་ ༢༩ པ་ཆགས་ཡོད། ད་བར་བདེ་ལེགས་སྨན་ཁང་ནས་ཟབ་སྦྱོང་འདི་ལྟ་བུ་གོ་སྒྲིག་ཞུས་ནས་མི་གྲངས་ ༢༨༦ ཙམ་ལ་ཟབ་སྦྱོང་ཕུལ་ཐུབ་པ་བྱུང་ཡོད་པ་རྣམས་འཕྲོད་བསྟེན་ལས་ཁུངས་ཀྱི་ཡན་ལག་དང་དགོན་པ་གྲྭ་ཚང་ཁག་གི་ནང་ཞབས་ཞུ་སྒྲུབ་མཁན་ཆགས་ཡོད། དེ་རིང་ནས་བཟུང་དགོན་པ་གྲྭ་ཚང་དང་སྡེ་ཚན་དམིགས་བསལ་ཁག་ལ་ཟབ་སྦྱོང་འདི་ལྟ་བུའི་ཕྱག་རོགས་ཞུ་དགོས་པ་ཡོད་ཚེ་འདི་གའི་སྨན་ཁང་ནས་སྐབས་དང་དུས་ཀྱི་གནས་སྟངས་ལ་བལྟས་ནས་ང་ཚོས་མཐུན་འགྱུར་གང་ཐུབ་ཞུ་རྒྱུ་ཡིན། དེ་སྔ་བཞིན་འཆར་ཅན་སྤྱི་ཚོགས་འཕྲོད་བསྟེན་གྱི་ཞབས་ཞུའི་ཐོག་སྦྱོང་བརྡར་གནང་རྒྱུ་དེ་མེད་པ་བཟོས་པ་རེད། གང་ཡིན་བརྗོད་ན། ང་ཚོའི་སྤྱི་ཚོགས་ནང་སྨན་ཞབས་པ་དང་འཕྲོད་བསྟེན་དང་འབྲེལ་བའི་སྡེ་ཚན་མང་པོའི་ཐོག་ལ་སློབ་སྦྱོང་ཚད་ལྡན་བྱས་ནས་ཐོན་མཁན་ཧ་ཅང་མང་པོ་ཡོད། དེར་བརྟེན་ང་ཚོས་ལས་ཀ་འདི་ཕན་འབྲས་ཇི་བྱུང་ལ་མ་ལྟོས་པར་བྱས་པ་ཡིན་ན་ལས་མེད་བསྐྲུན་མཁན་ལྟ་བུ་ཞིག་ཆགས་པ་ལས་སྤྱི་ཚོགས་ལ་ཕན་ཐོགས་མེད། ང་ཚོས་གཙོ་བོ་སྤྱི་ཚོགས་ལ་ཕན་པའི་ལས་དོན་སྤེལ་དགོས།
བཙུན་མ་ཚོར་ཆ་མཚོན་ན་ཐེངས་འདིའི་ཟབ་སྦྱོང་སྐབས་གཙོ་བོ་བུད་མེད་ཀྱི་འཕྲོད་བསྟེན་དང་བཙུན་མ་སོ་སོའི་དགོན་པའི་ནང་སྨན་བཅོས་ལྟ་སྐྱོང་དང་འབྲེལ་བའི་དཀའ་ངལ་སེལ་ཐབས་ཆེད་ཟབ་སྦྱོང་འདི་ཕུལ་བ་རེད། དེ་བཞིན་བཙུན་དགོན་ཁག་གི་ནང་སྨན་བཅོས་མཐུན་རྐྱེན་མ་འདང་པའི་དཀའ་ངལ་སོགས་འཕྲད་ཚེ་འབྲེལ་ཡོད་སྨན་ཁང་ཇི་འདྲ་ཞིག་ལ་བསྟེན་གཏུགས་དགོས་མིན་ལམ་སྟོན་ཞུ་རྒྱུ་རེད། ཅེས་སོགས་ཀྱི་གསུང་བཤད་གྲུབ་བསྟུན། བཙུན་མ་རྣམས་ལ་འཕྲོད་བསྟེན་དྲུང་ཆེ་ལགས་ཀྱིས་ཕྱག་འཁྱེར་གནང་ཡོད། དེ་རྗེས་མཛད་སྒོའི་སྐུ་མགྲོན་འཕྲོད་བསྟེན་དྲུང་ཆེ་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ཀྱིས་གསུང་བཤད་གནང་དོན། བདེ་ལེགས་སྨན་ཁང་གིས་འགན་འཁྱེར་བའི་ཐོག་དེ་སྔ་དགེ་འདུན་པ་ཚོར་ཟབ་སྦྱོགས་ཕུལ་བ་རེད། ད་རས་བཙུན་མ་རྣམ་པར་ཟབ་སྦྱོང་འདི་ལྟ་བུ་ཞིག་ཕུལ་བ་དེ་བོད་མིའི་སྒྲིག་འཛུགས་ཀྱིས་བུད་མེད་ཀྱི་ནུས་ཤུགས་གོང་མཐོར་གཏོང་རྒྱུའི་ལས་གཞི་ཞིག་ཡོད་པ་དེ་དང་འབྲེལ་ནས་ཐེངས་འདིར་བཙུན་མ་རྣམས་ལ་ཟབ་སྦྱོང་ཕུལ་བ་ཞིག་ཡིན་པ་ངས་ངོས་འཛིན་འདི་འདྲ་ཞུ་བཞིན་ཡོད། འཕྲོད་བསྟེན་ལས་ཁུངས་ལ་མཚོན་ནའང་བུད་མེད་ཀྱི་ནུས་ཤུགས་སྤེལ་ཆེད་བཙུན་མ་རྣམས་ལ་ཟབ་སྦྱོང་དང་བཙུན་དགོན་དུ་ཕར་བཅར་ནས་བུད་མེད་ཀྱི་འཕྲོད་བསྟེན་དང་འབྲེལ་བའི་ལམ་སྟོན་ཞུ་རྒྱུའི་ལས་གཞི་བང་རིམ་བསྒྲིགས་ཡོད། ལྷག་པར་འདི་ལོར་རྡ་སའི་ཁུལ་དུ་ཡོད་པའི་བཙུན་དགོན་ཁག་ལ་བཅར་ནས་བུད་མེད་ཀྱི་འཕྲོད་བསྟེན་དང་འབྲེལ་བའི་ཐོག་ཆེད་ལས་པས་གསུང་བཤད་གནང་ཡག་གི་ལས་གཞི་ཞིག་གོ་རིམ་བསྒྲིགས་ཡོད། ལས་གཞི་འདི་ཧ་ཅང་གལ་ཆེན་པོ་ཆགས་ཡོད། གང་ཡིན་བརྗོད་ན་དེང་སྐབས་སྤྱི་ཚོགས་ཡར་རྒྱས་དང་འགྱུར་བ་ཧ་ཅང་འགྲོ་བཞིན་པའི་སྐབས་འདིར་དུས་བསྟུན་བཙུན་དགོན་དང་དགོན་སྡེ་ཁག་གི་ནང་འཕྲོད་བསྟེན་སྐོར་གོ་རྟོགས་སྤེལ་རྒྱུ་དེང་དུས་ཀྱི་དགོས་མཁོ་ཞིག་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་མཛད་སྒོ་གྲོལ་ཡོད། ཐེངས་འདིར་ཏི་ལོ་པུར་བཙུན་དགོན་ཁག་གཉིས་དང་། དགའ་ལྡན་ཆོས་གླིང་བཙུན་དགོན། འཇམ་དབྱངས་ཆོས་གླིང་བཙུན་དགོན། སྒྲོལ་མ་གླིང་། བཀྲ་ཤིས་ལྗོངས། ཤུགས་གསེབ། ཡེ་ཤེས་རབ་རྒྱས་གླིང་བཙུན་དགོན་བཅས་བཙུན་དགོན་བརྒྱད་ནས་བཙུན་མ་གྲངས་ ༩ ཡོད་པ་བཅས།།