༢༠༡༣ ཟླ་ ༡༠ ཚེས་ ༩ རེས་གཟའ་ལྷག་པ།
༄༅། །དེང་སྐབས་བོད་པའི་སྤྱི་ཚོགས་ནང་(Dengue Fever) ཞེས་ཌེང་གུའི་ནད་གཞི་ན་མཁན་ཇེ་མང་དུ་སོང་སྟབས། འདི་གའི་གསར་འགོད་པས་ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༩ ཉིན་སྐུའི་ཕྱི་ལུགས་བླ་སྨན་ཚེ་བརྟན་རྡོ་རྗེ་ལགས་སུ་ནད་གཞི་དང་དེར་སྔོན་འགོག་ཇི་ཡོད་སྐོར་ལ་བཅར་འདྲི་ཞུས་པ་ཁག་གཅིག་གཤམ་གསལ།
དྲི་བ། ཐོག་མར་སྐུའི་ཕྱི་ལུགས་ཀྱི་བླ་སྨན་ཚེ་བརྟན་རྡོ་རྗེ་ལགས་སུ་འཚམས་འདྲི་དང་འབྲེལ་ཌེང་གུའི་ནད་གཞི་ཉེན་ཚབས་ཆེ་ཆུང་གང་འདྲ་ཞིག་ཡིན་མིན་སྐོར་ངོ་སྤྲོད་གནང་རོགས།
ལན། ཌེང་གུའི་ (Dengue Fever) ཞེས་པའི་ནད་གཞི་དེ་རིམ་པ་གཉིས་ལྟ་བུ་ཕྱེ་ཡོད། མང་ཆེ་བ་བརྒྱ་ཆ་བརྒྱད་ཅུ་དགུ་བཅུ་ཙམ་ཞིག་ཌེང་གུའི་ནད་གཞི་ཚབས་ཆུང་བ་ན་མཁན་ཤ་སྟག་རེད་འདུག དེའི་རིགས་སྨན་ཁང་ནང་ཉལ་དགོས་ཀྱི་མེད། ཚབས་ཆེ་བ་བརྒྱ་ཆ་བཅུ་ཡས་མས་ཤིག་ཡོང་གི་འདུག དེ་དག་སྨན་བཅོས་ཀྱི་མཐུན་རྐྱེན་ལྡན་ས་ཞིག་ཏུ་བསྐྱལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ནད་གཞི་དེར་མིང་ཞིག་ཡོད། (Dengue Hemorrhagic Fever) དང་སྤྱིར་བཏང་དེར་ (Dengue Fever) བརྗོད་ཀྱི་ཡོད།
དྲི་བ། ནད་གཞི་དེར་སྔོན་རྟགས་ག་རེ་ཡོང་གི་མེད་དང་མི་གཅིག་ནས་གཅིག་ལ་འགོས་ཀྱི་ཡོད་དམ།
ལན། ནད་རྟགས་གཙོ་བོ་དེ་ཚ་བ་འཕར་བ་དང་མགོ་ན་བ། ལྷག་པར་གཟུགས་པོའི་རུས་ཚིགས་ན་བ་མ་ཟད། གཟུགས་པོ་སྤྱི་ཡོངས་ལ་ན་ཟུག་ཤུགས་ཆེན་པོ་གཏོང་གི་ཡོད། དེ་དང་ཆབས་ཅིག་དེར་བརྒྱ་ཆ་དེ་འདྲ་ཡོད། མང་ཆེ་ཤོས་ཚ་བ་འཕར་བ་དང་རུས་ཟུག་རྒྱག་པ། དེ་བཞིན་གཟུགས་པོའི་ཆ་ཤས་རྐང་ལག་ལ་ན་ཟུག་གཏོང་རྒྱུ་དང་གཟུགས་པོར་འབུར་ཐོ་དམར་པོ་འདོན་གྱི་ཡོད། དེ་ལས་ཉུང་ཤས་ཤིག་ལ་སྐྱུག་མེར་ལངས་བ་དང་སྐྱུག་པ་ཤོར་བ། དེ་བཞིན་ཁ་ལག་ལ་དང་ག་མེད་པ་ཆགས་སྲིད་ཀྱི་རེད། ནད་དེ་དུག་སྦྲང་བརྒྱུད་ནས་མིར་འགོས་པ་མ་གཏོགས་མི་ནས་མིར་འགོས་ཀྱི་མེད། དེ་ཡང་དུག་སྦྲང་ཁྲ་ཅན་དེ་བརྒྱུད་ནས་འགོས་ཀྱི་ཡོད།
དྲི་བ། ནད་རྟགས་ཐོན་རྗེས་སྨན་ཁང་དུ་མ་འབྱོར་གོང་ཁྱིམ་ཚང་ནང་ནས་སྔོན་འགོག་བྱེད་རྒྱུ་གང་ཡོད་དམ།
ལན། རབ་བྱུང་ན་ལམ་སེང་སྨན་གཏུག་བྱེད་པར་བསྐྱོད་དགོས། ངས་གོང་དུ་ཞུས་པའི་ནད་རྟགས་དེ་དག་སོ་སོར་འདུག་སྙམ་པའི་དོགས་གཞི་བྱུང་ན། ལམ་སེང་སྨན་ཁང་དུ་བསྐྱོད་དགོས། གལ་སྲིད་ས་ཐག་རིང་བའི་དབང་གིས་སྨན་ཁང་དུ་ལམ་སེང་བསྐྱོད་མིི་ཐུབ་ཚེ། ཚ་བ་དང་ཟུག་བཅག་སྨན་ (Paracetamol) ཞེས་པ་མ་གཏོགས་ཟ་ཆོག་གི་མེད། དེ་མིན་སྨན་རིགས་གཞན་བཟས་ན། ནད་གཞིའི་ཉེན་ཚབས་ཆེ་ཤོས་ནམ་རྒྱུན་ང་ཚོར་རྨ་བཟོས་ན་ཁྲག་རྡོག་འདོན་གྱི་ཡོད་པ་དེའི་ནུས་པ་ཉམས་ཀྱི་ཡོད། དེ་བཞིན་བཏུང་བྱའི་རིགས་མང་ཙམ་འཐུང་དགོས།
དྲི་བ། དུས་རྒྱུན་ང་ཚོའི་ལུས་པོའི་ཚ་བ་དང་ཌེང་གུའི་ནད་གཞིའི་ཚ་བའི་དབར་ཁྱད་པར་གང་ཡོད་དམ།
ལན། སྤྱིར་བཏང་ཚ་བའི་ཐོག་དམིགས་བསལ་གྱི་ཁྱད་པར་གང་ཡང་མེད། གང་ལ་ཞེ་ན། ཚ་བའི་ནད་གཞི་མང་དག་ཅིག་ཡོད། ཚ་བ་ཁ་ཤས་ཤིག་དགོང་མོ་དང་ཁ་ཤས་སྔ་དྲོ་འཕར་རྒྱུའི་ནད་གཞི་ཁག་གཅིག་ཡོད། དཔེར་ན། དུག་སྦྲང་གི་ནད་ (Malaria) མ་ལ་རི་ཡར་རིགས་བཞི་ཡོད། རིགས་གཅིག་དེ་རིང་ཚ་བ་འཕར་ཡང་སང་ཉིན་ཚ་བ་འཕར་གྱི་མེད། ཡང་གནང་ཉིན་འཕར་གྱི་ཡོད། འོན་ཀྱང་ཌེང་གུའི་ནད་གཞིའི་ཚ་བ་འཕར་སྐབས་སྔ་དགོང་དང་སང་ཉིན་གནང་ཉིན་གྱི་སྐད་ཆ་གང་ཡང་མེད། ནད་གཞི་ཤུགས་ཆུང་བ་དེ་ཡིན་ན། ཉིན་གཉིས་གསུམ་ནས་བདུན་ཕྲག་གཅིག་ཙམ་ན་གི་འདུག ནད་གཞི་འདིའི་འགྲོ་སྟངས་དམིགས་བསལ་ཚ་བ་ཡོངས་རྫོགས་འཇགས་ཟིན་ཡང་བདུན་ཕྲག་ཁ་ཤས་མི་ཐང་ཆད་པ་དང་ལུས་པོར་ཤུགས་མེད་པའི་རིགས་ཤིག་ཡོང་སྲིད་པ་རེད།
དྲི་བ། ནད་གཞི་དེར་སྔོན་འགོག་ཀྱི་ཁབ་ཡོད་དམ།
ལན། ད་ལྟ་བར་སྔོན་འགོག་གི་ཁབ་བྱུང་མེད། འོན་ཀྱང་ཐབས་ཤེས་བྱས་དང་བྱེད་མུས་རེད། ཌེང་གུའི་ནད་འབུའི་རིགས་ཁག་བཞི་ཙམ་འདུག དེར་བརྟེན་སྔོན་འགོག་ཁབ་ལ་ཉམས་ཞིབ་བྱས་ཏེ་ཁག་གཅིག་ཚོད་ལྟའི་ཐོག་ཕྱིན་ཟིན་འདུག དེ་འདྲ་བྱུང་ན་ཧ་ལས་པའི་དཀའ་ངལ་སེལ་ངེས་རེད།
དྲི་བ། ནད་གཞི་མ་བྱུང་གོང་ཁྱིམ་ཚང་ནང་སྔོན་འགོག་གང་ཞིག་བྱེད་རྒྱུ་ཡོད་དམ།
ལན། ནད་གཞི་དེར་མ་བྱུང་གོང་སྔོན་འགོག་ནི་གང་ཟག་སྒེར་དང་སྤྱི་ཚོགས་ནས་བྱེད་རྒྱུ་ཡོད། གང་ལ་ཞེ་ན། སྤྱི་ཚོགས་ཀྱི་འཕྲོད་བསྟེན་དང་འབྲེལ་བའི་ཐོག་ནས་ནད་གཞི་དེ་ཉམས་རྒུད་གཏོང་རྒྱུར། མི་ཚང་མས་ཕྱར་གྲུ་མཉམ་འདེགས་བྱེད་དགོས་པ་ཞིག་རེད་མ་གཏོགས་མི་གཅིག་གིས་བྱེད་ཐུབ་པ་ཞིག་རེད་མི་འདུག དཔེར་ན། ན་ནིང་ལྡི་ལི་མན་ཇུ་ཊི་ལར་ཌེང་གུའི་ན་ཚ་ཚད་མཐོན་པོ་སླེབས་སྐབས་ང་རང་དེར་ཕྱིན་པ་ཡིན། ནད་པ་མང་པོ་འདུག སྤྱིར་བཏང་གང་ཟག་སོ་སོས་བྱེད་དགོས་པ་སློབ་གསོ་རྒྱག་གི་འདུག་ཀྱང་དེར་དེ་ཙམ་ཉན་འཇོག་བྱེད་ཀྱི་མི་འདུག དེར་བརྟེན་ངས་བྱེད་ཐབས་ཁག་གཅིག་ཡོད་པ་ངོ་སྤྲོད་ཞུས་ན། དང་པོ་གང་ཟག་སྒེར་ངོས་ནས་གཙོ་ཆེ་ཤོས་དུག་སྦྲང་གི་སོ་མ་བརྒྱབ་པའི་ཐབས་ཤེས་ངེས་པར་དུ་བྱེད་དགོས། དུག་སྦྲང་དེ་གྲོང་ཁྱེར་ནང་མ་གཏོགས་གྲོང་གསེབ་ནང་དེ་ཙམ་མི་འདུག ལུས་ལ་གྱོན་གོས་ཆ་ཚང་བ་གྱོན་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཕྱོགས་མཚུངས་དུག་སྦྲང་གི་སོ་མ་བརྒྱབ་པའི་བྱུག་རྫས་ཁག་གཅིག་སྨན་ཚོང་ཁང་དུ་ཡོད་ཁོངས་ནས་ (DEED) དེ་བེད་སྤྱོད་གཏོང་ཐུབ་ན་ཆུ་ཚོད་ ༢༤ སྔོན་འགོག་ཐུབ་ཀྱི་ཡོད། གཉིས་པ་རང་ཉིད་སྡོད་ཡུལ་དེར་གསལ་རས་སོགས་ཀྱི་ངེས་པར་བཀག་དགོས། དུག་སྦྲང་དེ་རིགས་ཁང་པའི་ཕྱི་ནང་གཉིས་ནང་སྡོད་ཀྱི་ཡོད་སྟབས་ཕྱི་ནང་གཉིས་ཀར་ཉེན་ཁ་འདུག དེ་ནས་དུག་སྦྲང་མི་འཕེལ་བའི་ཐབས་ཤེས་ཁྱིམ་ཚང་ངོས་ནས་ཆུ་འཁྱིལ་ཡུལ་ཚང་མ་མེད་པ་བཟོ་དགོས། གང་ལ་ཞེ་ན་ཆུ་འཁྱིལ་ཡུལ་ཆུང་ངུ་ཞིག་ལས་མེད་ཀྱང་དེའི་ནང་ལམ་སེང་དུག་སྦྲང་འཕེལ་ཡོང་གི་འདུག ལྷག་པར་ཌེང་གུའི་(Dengue Fever) དུག་སྦྲང་དེ་ཆུ་གཙང་མའི་ནང་འཕེལ་ཚད་མགྱོགས་པོ་ཡོད།
དྲི་བ། ནད་གཞི་དེ་ཕོག་རྒྱུར་ལོ་ཚད་ཀྱི་ཁྱད་པར་ཡོད་དམ།
ལན། སྤྱིར་བཏང་དེ་འདྲ་གང་ཡང་མེད་པ་ལྟ༌བུ་རེད། འོན་ཀྱང་ནད་གཞི་སྤྱི་ཡོངས་ཐོག་རྒན་རྒོན་དང་བྱིས་པ་ཚོར་ནད་གཞི་སྔོན་འགོག་བྱ་རྒྱུའི་ནུས་པ་ཆུང་བ་ཡོད་སྟབས། བྱིས་པ་དང་རྒས་འཁོགས་ཚོས་གཟབ་ནན་གནང་དགོས་རྒྱུ་ནི་སྤྱི་ཡོངས་ཀྱི་སྐད་ཆ་རེད།
དྲི་བ། མི་འགྲུལ་བཞུད་ཤུགས་ཆེན་བྱེད་མཁན་ཚོས་ནད་གཞི་དེ་མ་ཕོག་རྒྱུའི་དོ་སྣང་བྱེད་དགོས་པ་གང་ཡོད་དམ།
ལན། ང་ཚོ་བོད་པ་ཚོ་འགྲུལ་བཞུད་ཧ་ཅང་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པར་བརྟེན། ནད་གཞི་ན་མཁན་མང་བ་ཡོད་ངེས་རེད། ངས་གོང་དུ་ཞུས་པ་ལས་དམིགས་བསལ་བརྗོད་རྒྱུ་གང་ཡང་མི་འདུག སོ་སོ་ས་གནས་སུ་བསྐྱོད་སྐབས་ནད་གཞིའི་ཉེན་ཁ་ཡོད་པའི་སེམས་ཚོར་ཞིག་བྱུང་ན། དེར་གཞིགས་པའི་སོ་སོའི་ངོས་ནས་ཡིད་གཟབ་བྱེད་དགོས། ལྡི་ལི་ནང་ལ་ཡང་ས་ཁུལ་ལ་རག་ལས་འདུག ས་ཁུལ་ཁ་ཤས་ལ་ནད་གཞི་དེ་མང་བ་དང་ཁ་གཅིག་ལ་ཉུང་བ་འདུག དེ་བཞིན་བུད་མེད་སྦྲུམ་པའི་རིགས་ལ་དམིགས་བསལ་གྱི་སྨན་བཅོས་མི་འདྲ་བ་དེ་འདྲ་གང་ཡང་མེད། སྤྱིར་བཏང་བྱས་ན་ནད་གཞི་དེའི་ནད་རྟགས་གཅོག་རྒྱུ་མ་གཏོགས་དེར་སྨན་བཅོས་མི་འདུག
དྲི་བ། ནད་གཞི་ཐེངས་དང་པོ་ཕོག་རྗེས་སླར་ཡང་ཕོག་རྒྱུའི་ཉེན་ཁ་དང་ཕོག་ཚེ་ཉེན་ཚབས་ཆེ་ཆུང་གང་འདྲ་ཡོད་དམ།
ལན། ཐེངས་གཉིས་པ་ཕོག་པ་ཙམ་གྱིས་ཉེན་ཚབས་ཆེ་ཆུང་གི་སྐད་ཆ་མེད་ལྟ་བུ་རེད། སྤྱིར་བཏང་ཐེངས་གཅིག་ན་ཟིན་རྗེས་སླར་ཡང་ན་མི་སྲིད་པ་མ་རེད། ངས་ཤེས་ཚོད་བྱས་ན་ས་ཁུལ་དེར་སྡོད་མཁན་ཚོར་ཕྲན་བུ་སྔོན་འགོག་བྱ་རྒྱུ་ཤུགས་ཆེ་བ་ཡོད་འདུག ལྡི་ལིར་རྡ་ས་སོགས་ནས་ཡོང་མཁན་གྱི་མིར་ནད་གཞི་དེ་ཕོག་སླ་བ་ཡོད།
དྲི་བ། རྒྱལ་སྤྱིའི་ཐོག་ནས་ནད་གཞི་དེར་ཚབས་ཆེ་ཆུང་ངོས་འཛིན་གང་འདྲ་བྱེད་ཀྱི་ཡོད་དམ།
ལན། རྒྱལ་སྤྱིའི་ཐོག་ནས་ནད་གཞི་དེར་ཚབས་ཆེ་ཆུང་ས་ཕྱོགས་གང་དུ་ཡིན་ཡང་གཅིག་གྱུར་རེད། སྤྱིར་བཏང་ནད་གཞི་དེ་རྒྱལ་ཁབ་ ༡༠༠ ནང་ཙམ་ཡོད་འདུག འོན་ཀྱང་ནད་གཞི་ཁྱབ་ཆེ་རུ་འགྲོ་གི་ཡོད་འདུག དཔེར་ན། རྒྱ་གར་ནང་ཆ་མཚོན་ན། ནད་གཞི་དེ་ལོ་ཤས་རིང་ནད་གཞི་ཁྱབ་ཆེ་རུ་འགྲོ་གི་འདུག དེ་སྔ་རྒྱ་གར་ནང་ནད་གཞི་དེ་ཕལ་ཆེར་གོ་རྒྱུ་མེད། ནད་གཞི་དེ་ཚབས་ཆེ་བ་ཐེ་ལན་ཌིར་ཡོད།
དྲི་བ། བདེ་ལེགས་སྨན་ཁང་ལ་ནད་གཞི་དེའི་ཐོག་སྨན་བཅོས་བྱ་རྒྱུའི་མཐུན་རྐྱེན་ཡོད་དམ།
ལན། ལོ་གཉིས་གསུམ་སྔོན་ལ་ (Dengue Fever) ནད་པ་དེ་འདྲ་ཁ་ཤས་བྱུང་ཡོད། འོན་ཀྱང་འདི་ལོ་ལྟར་ཕོན་ཆེན་པོ་དེ་འདྲ་བྱུང་མྱོང་མེད། ནད་པ་ཁག་གཅིག་ལ་དམིགས་བསལ་ཁྲག་བླུག་རྒྱུའི་མཐུན་རྐྱེན་ང་ཚོར་མེད། འོན་ཀྱང་མཐུན་རྐྱེན་དེ་ལྟ་བུ་ཡོད་པའི་ས་ཁུལ་དུ་གཏོང་དགོས་མིན་གྱི་ནད་རྟགས་ཁག་གཅིག་ཡོད། ནད་རྟགས་དེ་དག་མ་ཐོན་ཚེ་གཏོང་དགོས་ཀྱི་མེད། ད་ལྟའི་ཆར་བདེ་ལེགས་སྨན་ཁང་དུ་ནད་པ་བཞི་ཙམ་ཡོད། ཅེས་ལན་འདེབས་གནང་བ་དང་ལྷན་མི་དམངས་ལ་རེ་འདུན་གནང་དོན། དང་པོ། ནད་གཞི་དེའི་ནད་རྟགས་ཧ་གོ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གཉིས་པ་ནད་རྟགས་དེ་རང་ཉིད་ལ་ཡོད་པ་གོ་ཚོར་བྱུང་ན། ལམ་སེང་སྨན་ཁང་ཚད་ལྡན་ཞིག་ཏུ་བསྐྱོད་ནས་བརྟག་དཔྱད་བྱ་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། གསུམ་པ། རང་ཉིད་སྡོད་ཡུལ་གྱི་ཁོར་ཡུག་ནང་དུག་སྦྲང་མ་འཕེལ་བ་བྱ་རྒྱུ་ཚང་མས་འགན་ཁུར་ལེན་དགོས་ཞེས་གསུངས་ཡོད། །