༢༠༡༣ ཟླ་ ༡༠ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་ལམ་སྟོན་འོག་སེ་ལ་ཀུ་བོད་ཁྱིམ་སློབ་གྲྭས་སྡེ་ར་ལྡུན་ཁུལ་གྱི་བོད་མིའི་སློབ་གྲྭ་ཁག་གི་ནང་འགུལ་བསྐྱོད་ཚན་རིག་འགྲེམས་སྟོན་ ‘Mobile Science Exhibition Program-2013’ ཞིག་གོ་སྒྲིག་ཞུས་འདུག
སེ་ལ་ཀུ་བོད་ཁྱིམ་གྱི་སློབ་སྤྱི་འབྲུག་ཚེ་རིང་ལགས་ཀྱིས་སྣེ་ཁྲིད་ལམ་སྟོན་འོག་སེ་ལ་ཀུ་བོད་ཁྱིམ་སློབ་གྲྭའི་ཚན་རིག་སློབ་དགེ་དྲུག་དང་སློབ་ཕྲུག་ ༧༦ གིས་ཟླ་བ་གསུམ་རིང་ནས་གྲ་སྒྲིག་གནང་བའི་ཚན་རིག་འགྲེམས་སྟོན་འདི་བཞིན་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༡༧ ནས་འགོ་འཛུགས་ཀྱིས། སྡེ་ར་ལྡུན་ཁུལ་དུ་ཡོད་པའི་མ་སུ་རི་གཏན་སློབ་དང་། CST Mussoorie མ་སུ་རི་བོད་ཁྱིམ། THF Mussoorie ཧ་པུར་གཏན་སློབ། CST Herbertpur ར་ཇེ་པུར་བོད་ཁྱིམ། THF Rajpur སྤོན་ཊ་གཏན་སློབ། STS Paonta Sahib དོན་གྲུབ་གླིང་ནེ་རུ་དྲན་རྟེན་སློབ་གྲྭ་TNMF Clementown བཅས་སུ་འགུལ་བསྐྱོད་ཚན་རིག་འགྲེམས་སྟོན་གནང་འདུག འགྲེམས་སྟོན་སྐབས་སློབ་མ་ཚོས་ཆུ་རྒྱུན་འཁོར་ལོ་དང་། ཚན་རིག་པ་གྲགས་ཅན་གྱི་ཆ་ལུགས་སྐྲས་ནས་འཁྲབ་སྟོན་བྱས་པ། ཟློས་གར་གྱི་ལམ་ནས་ཚན་རིག་ཚོད་ལྟ་བྱེད་སྟངས་ཀྱི་ཐབས་ལམ་འདྲ་མིན་འཁྲབ་སྟོན་བྱས་པ། དེ་བཞིན་རླུང་ཚ་པོས་བཀང་པའི་སྒང་ཕུག་ནམ་མཁར་བཏང་བ། ཚན་རིག་གི་མིག་འཁྲུལ་བསྟན་པ་སོགས་ཀྱི་འགྲེམས་སྟོན་གནང་ཡོད། འགྲེམས་སྟོན་འདི་བཞིན་མཐར་ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༢༦ ཉིན་ས་ལ་ཀུ་བོད་ཁྱིམ་དུ་ཚན་རིག་ཉིན་མོ་ ‘Science Day’ དང་སྟབས་བསྟུན་མཇུག་སྒྲིལ་གནང་རྒྱུ་ཡིན་འདུག
ཤེས་རིག་ལས་ཁུངས་ནས་འགུལ་བསྐྱོད་ཚན་རིག་འགྲེམས་སྟོན་དབུ་འཛུགས་གནང་དགོས་དོན་ནི་སློབ་ཕྲུག་རྣམས་ཀྱིས་སློབ་དེབ་ཙམ་ལ་མ་རྟེན་པར་ལག་ལེན་ཐོག་ནས་ཚན་རིག་སློབ་སྦྱོང་གོང་མཐོར་གཏོང་ཆེད་ཡིན་འདུག འཆར་ལོར་འགུལ་བསྐྱོད་ཚན་རིག་འགྲེམས་སྟོན་གྱི་ལས་གཞི་འདི་བཞིན་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀའི་ཁུལ་གྱི་བོད་མིའི་སློབ་གྲྭ་ཁག་གི་ནང་ལས་འཆར་སྤེལ་རྒྱུ་ཡིན་འདུག ལས་གཞི་འདི་བཞིན་ཨ་རི་གཞུང་ USAIDགིས་ཨ་རི་བོད་ཀྱི་ཐེབས་རྩ་ Tibet Fund བརྒྱུད་རོགས་སྐྱོར་གནང་བ་ཞིག་ཡིན་འདུག་པ་བཅས།།