༢༠༡༣ ཟླ་ ༡༠ ཚེས་ ༡༠ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༦ ཉིན་བོད་རང་སྐྱོང་ལྗོངས་བྲི་རུ་རྫོང་དུ་རྒྱ་ནག་གཞུང་གི་སྲིད་བྱུས་ལ་བོད་མི་ཚོས་ཞི་རྒོལ་ཤུགས་ཆེ་བྱས་པར་བརྟེན་ཉེན་རྟོག་མི་སྣས་མེ་མདའ་བརྒྱབ་སྟེ་བོད་མི་ ༦༠ ཙམ་ལ་སྨད་སྐྱོན་ཕོག གནད་དོན་དེའི་ཐོག་ཕྱི་ཚེས་ ༩ རེས་གཟའ་ལྷག་པའི་ཉིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ AMNESTY INTERNATIONAL རྒྱ་ནག་གཞུང་ལ་དྲག་གནོན་འཕྲལ་མར་མཚམས་འཇོག་དགོས་པའི་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་འཁོད་དོན། ཞི་བའི་ལམ་ནས་ངོ་རྒོལ་བྱེད་མཁན་མང་ཚོགས་ཁྲོད་ཉེན་རྟོག་མི་སྣས་གང་བྱུང་མེ་མདའ་བརྒྱབ་པ་དེ་ནི་ཧ་ཅང་མི་འོས་པ་ཞིག་རེད། བོད་མི་ཚོས་ཞི་བའི་ལམ་ནས་འདུ་འཛོམས་བྱ་རྒྱུའི་ཐོབ་ཐང་ལ་ཉེན་རྟོག་མི་སྣས་བརྩིས་མེད་རྡོག་རོལ་བཏང་སྟེ་ཁོང་ཚོར་དྲག་གནོན་ཤུགས་ཆེ་བྱས་ཡོད་པར་རྒྱ་ནག་གཞུང་གིས་ས་གནས་ཉེན་རྟོག་མི་སྣའི་དབང་ཚད་ལ་དམ་བསྒྲགས་གང་ཡང་མ་བྱས་པ་དང་། བོད་མིའི་ཞི་བའི་ལམ་ནས་འདུ་འཛོམས་བྱ་རྒྱུའི་ཐོབ་ཐང་ལ་སྲུང་སྐྱོབས་མ་བྱས་པའི་རྟགས་མཚན་གསལ་པོ་ཆགས་ཡོད། ཅེས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་རྒྱ་ནག་ཉམས་ཞིབ་པ་ལྕམ་སྐུ་ཀོ་རིན་ན་བྷར་བྷ་ར་ཕ་རན་སི་ Corinna-Barbara Francis ལགས་ཀྱིས་གསུངས་ཡོད། གཞན་ཡང་ལྕམ་སྐུ་མཆོག་གིས་གསུང་དོན། བོད་ས་ཡོངས་སུ་གནས་སྟངས་ཛ་དྲག་ཆགས་ཡོད་ཀྱང་རྒྱ་ནག་གཞུང་གིས་མུ་མཐུད་བོད་མི་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་བཏང་སྟེ་བསམ་ཤེས་གང་ཡང་བྱེད་ཀྱི་མེད། རྒྱ་ནག་གཞུང་གིས་བོད་མི་ཚོར་ཉིན་ལྟར་སུན་གཙེར་དང་ཁྱད་གསོད་བྱ་རྒྱུ་མཚམས་འཇོག་བྱེད་དགོས། ཞེས་གསུངས། གཞན་ཡང་གསལ་བསྒྲགས་དེའི་ནང་འཁོད་དོན།
མེ་མདའ་ཕོག་པའི་བོད་མི་ཁག་གཅིག་ལ་རྨས་སྐྱོན་ཚབས་ཆེ་ཕོག་ཡོད་ཀྱང་སྨན་བཅོས་ཀྱི་མཐུན་རྐྱེན་མ་སྤྲད་པར་བརྟེན་དེ་ཁྲོད་ཉུང་མཐར་བོད་མི་གཅིག་གི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད། བོད་མི་ཞི་རྒོལ་བ་ཚོས་དེ་སྔ་རྒྱ་ནག་གཞུང་གིས་ས་གནས་འབྲི་རུ་མི་མང་ཚོས་རང་ཁྱིམ་དང་དགོན་པའི་ཐོག་ཏུ་རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་བྱེད་དགོས་པའི་བཙན་བཀའ་བཏང་བར་གདོང་ལེན་བྱེད་མཁན་གྱི་བོད་མི་ཞིག་ཕྱི་ཟླ་ ༩ ཚེས་ ༢༩ ཉིན་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་པ་ཁོང་གློད་བཀྲོལ་དགོས་པའི་དགོས་འདུན་བཏོན་ཡོད། ཐེངས་འདིར་རྒྱ་མིའི་ཉེན་རྟོག་མི་སྣས་བོད་མི་ཞི་རྒོལ་བའི་ཁྲོད་མེ་མདའ་བརྒྱབ་ཐེངས་གཉིས་པ་ཆགས་ཡོད། དེ་སྔ་ཕྱི་ཟླ་ ༧ ཚེས་ ༦ ཉིན་ཁམས་རྟའུར་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་ཆེད་བོད་མི་ཁག་གཅིག་འདུ་འཛོམས་བྱུང་བའི་ཁྲོད་རྒྱ་ནག་ཉེན་རྟོག་རུ་ཁག་གི་མེ་མདའ་བརྒྱབ་སྟེ་ཉུང་མཐར་བོད་མི་ ༡༠ ལ་རྨས་སྐྱོན་ཕོག་ཡོད། ཅེས་འཁོད་ཡོད།