༢༠༡༣ ཟླ་ ༡༠ ཚེས་ ༨ རེས་གཟའ་མིག་དམར།
༄༅། །བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༦ ཉིན་རྒྱ་ནག་གཞུང་གིས་ནགས་ཤོད་འབྲི་རུ་རྫོང་ཟླ་ཐང་ཤང་དབུ་ཐང་གྲོང་ཚོའི་རྡོ་རྗེ་དྲག་རྩལ་ཞུ་བའི་བོད་མི་ཞིག་གློ་བུར་འཛིན་བཟུང་བྱས་རྗེས་མི་མང་གིས་ས་གནས་སྲིད་གཞུང་ལ་ཁོང་གློད་བཀྲོལ་དགོས་པའི་རེ་སྐུལ་ཞུས་ཡོད་ཀྱང་། ས་གནས་ལས་བྱེད་ཚོས་མི་མང་གི་རེ་བ་དང་བསམ་ཚུལ་ལ་ཡ་ལན་བྱས་མེད་པ་མ་ཟད། མི་མང་གི་མདུན་དུ་དམག་མི་མངགས་གཏོང་གིས་དུག་རླངས་གཡུགས་པ་དང་གང་བྱུང་མེ་མདའ་བརྒྱབ་སྟེ། བོད་མི་བཀྲ་རྒྱལ་ཞུ་བ་ཞིག་དང་། གཞན་བོད་མི་ཁག་གཅིག་གིས་རྐང་ལག་ལ་མེ་མདའ་ཕོག་སྟེ་རྨས་སྐྱོན་བཟོས་ཡོད་པའི་གནས་ཚུལ་ཐོན་འདུག
དེ་བཞིན་ཕྱི་ཚེས་ ༢༩ ཉིན་ཚ་ཆུ་ཤང་དུ་སྟག་ལྷས་གྲོང་ཚོའི་ཚེ་རིང་རྣམ་རྒྱལ་གཙོས་པའི་བོད་མི་ ༦ དང་། བ་རོ་གྲོང་དང་ལ་འོག་གྲོང་། ཀོ་ན་གྲོང་བཅས་ཀྱི་བོད་མི་ཁག་གཅིག་མོ་བ་གྲོང་དུ་ཕྱིན་ནས་དྲག་ཆས་ཉེན་རྟོག་པ་དང་དམག་མིར་ཕྱི་ཚེས་ ༢༨ ཉིན་འཛིན་བཟུང་བཙོན་འཇུག་བྱས་པའི་མི་རྣམས་གློད་བཀྲོལ་དགོས་པའི་རེ་སྐུལ་ཞུས་ཀྱང་། དམག་མི་དང་ཉེན་རྟོག་པས་རྒྱུ་མཚན་དང་གནས་ལུགས་ཅི་ཡང་མེད་པར་ཁོང་ཚོར་གཅར་རྡུང་བཏང་ཡོད་པ་མ་ཟད། བོད་མི་ཁག་གཅིག་འཛིན་བཟུང་ཡང་བྱས་འདུག
ཐེངས་འདིའི་གནས་ཚུལ་འདི་ནི་རྒྱ་ནག་གཞུང་གིས་ཟླ་སྔོན་མའི་ཕྱི་ཚེས་ ༡༠ ཉིན་ནས་བཟུང་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་དང་། ས་གནས་ཀྱི་ལས་བྱེད་བཅས་མི་ ༡༨༠༠༠ ཙམ་ནགས་ཤོད་འབྲི་རུ་རྫོང་ཁོངས་སུ་མངགས་གཏོང་གིས་གྲོང་ཚོ་ཁག་སོ་སོའི་ཁྱིམ་ཚང་ཚང་མས་ཁང་པའི་ཡང་སྟེང་དུ་རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་བྱེད་དགོས་པ་དང་། ཡུལ་མི་ཚོར་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་དགོས་པའི་བསམ་བློའི་སློབ་གསོ་སོགས་བཙན་བཀའ་རབ་དང་རིམ་པ་བཏང་བ་དང་། ལྷག་པར་ས་གནས་ཀྱི་དཔོན་རིགས་རྡོར་ཐུབ་དང་རྫོང་སྲིད་གཞུང་གི་དཔོན་རིགས་ཨི་ཡཱང་ཅི་གཉིས་ཀྱིས། མོ་བ་གྲོང་ཚོ་དང་སྨོན་ཆེན་གྲོང་ཚོ་བཅས་སུ་གཞུང་ཕྱོགས་ཀྱི་བཀའ་དང་ལེན་མི་བྱེད་མཁན་ཚོའི་ཕྲུ་གུ་སློབ་གྲྭ་ནས་ཕྱིར་འབུད་དགོས་པའི་བཙན་བཀའ་བཏང་བ་སོགས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་འདུག
ཉེ་ལམ་ས་གནས་སུ་གནས་ཚུལ་བྱུང་རྗེས་རྒྱ་གཞུང་གིས་དྲག་ཆས་ཉེན་རྟོག་པ་དང་དམག་མིའི་རླངས་འཁོར་ ༢༠༠ ལྷག་མངགས་གཏོང་གིས། རི་གྲོང་དང་གྲོང་ཚོ་ཁག་སྲང་ལམ་བཅས་ཀྱི་ནང་དུ་དམག་མི་འགྲེམས་འཇོག་གིས་ས་གནས་ཀྱི་བརྒྱུད་ལམ་ལ་བཀག་སྡོམ་དང་མི་མང་གི་ཁ་པར་གཞུང་བཞེས་གཏོང་བཞིན་ཡོད་པ་མ་ཟད། ཁྲོམ་དུ་བཟའ་བཅའ་སོགས་ཉོ་རུ་འགྲོ་སྐབས་གྲོང་མིའི་ཐོབ་ཐང་ལག་ཁྱེར་སྟོན་དགོས་ཀྱི་ཡོད་འདུག གལ་ཏེ་ལག་ཁྱེར་མེད་ཚེ་བཙོན་འཇུག་སོགས་བྱས་ཏེ་ད་ལྟའི་ཆར་ས་གནས་མི་མང་རྣམས་དམ་བསྒྲགས་ཁྲོད་ལྷག་ཡོད་འདུག