༢༠༡༣ ཟླ་ ༡༠ ཚེས་ ༣༠ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༢༨ རེས་གཟའ་ཟླ་བའི་ཉིན་བྷེལ་ཇམ་གྱི་རྒྱལ་ས་བྷར་སེལ་ Brussels དུ་རྟེན་གཞི་བྱས་པའི་ཡུ་རོབ་གྲོས་ཚོགས་ European parliament ནང་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཐོ་མ་སི་མན་ Thomas Mann མཆོག་དབུ་ཞུགས་ཐོག་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་ཐེངས་ ༩༧ ཚོགས་ཡོད། གཞན་ཡང་ལྷན་ཚོགས་སྐབས་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་དང་བྷར་སེལ་སྐུ་ཚབ་དོན་ཁང་གི་འབྲེལ་ཡོད་ལས་བྱེད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་བྱེད། བྷར་སེལ་དུ་རྟེན་གཞི་བྱས་པའི་སྲིད་བྱུས་སློབ་སྟོན་པའི་ think-tank groupཚོགས་མི།
དེ་བཞིན་བོད་དོན་རྒྱབ་སྐྱོར་གྱི་ཚོགས་མི་དང་བྷེལ་ཇམ་ས་གནས་བོད་རིགས་ཚོགས་པའི་སྐུ་ཚབ་བཅས་ཀྱིས་མཉམ་ཞུགས་གནང་ཡོད། ཐེངས་འདིར་ལྷན་ཚོགས་ཀྱི་དམིགས་བསལ་སྐུ་མགྲོན་དུ་བོད་ཀྱི་ཁོར་ཡུག་ཐོག་ཉམས་ཞིབ་པ་སྐུ་ཞབས་གྷེབ་རེལ་ལ་ཕི་ཏེ་ལགས་མགྲོན་འབོད་གནང་ཡོད། ཁོང་གིས་བོད་ཀྱི་རང་བྱུང་གཏེར་ཁའི་འཐོན་ཁུངས་དང་གཏེར་ཁ་དེ་དག་རྒྱ་ནག་གཞུང་གིས་བག་མེད་སྔོག་འདོན་བྱས་དང་བྱེད་མུས་ཡིན་པ་དེས་ཕན་འབྲས་ཇི་བྱུང་སོགས་ཀྱི་གནད་དོན་ཐོག་དམིགས་བསལ་ཉམས་ཞིབ་གནང་རྗེས་དཔེ་དེབ་གསར་པ་ཞིག་བཏོན་ཡོད། དཔེ་དེབ་གསར་པ་དེའི་མིང་བྱང་དུ། རྒྱ་ནག་གཞུང་གིས་རྒྱལ་ཞེན་ལ་བསྙེས་ནས་རྔམ་སེམས་ཆེན་པོས་མཐོ་སྒང་བོད་ཀྱི་རང་བྱུང་གཏེར་དངོས་གཏོར་བཤིག་བཏང་བ། Spoiling Tibet: China and Resource Nationalism on the roof of the World ཞེས་འཁོད་ཡོད།
སྐབས་དེར་ཁོང་ནས་རྒྱ་ནག་གཞུང་གིས་བོད་ཀྱི་རང་བྱུང་གཏེར་ཁ་རྣམས་གཞི་རྒྱ་ཆེན་པོས་སྔོག་འདོན་དང་གང་བྱུང་གཏོར་བཤིག་བཏང་བའི་བྱ་སྤྱོད་དེ་དག་ལ་རྟེན་ནས་ཧ་ཅང་འཇིག་སླ་བའི་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཇི་འདྲ་གཏོང་བཞིན་ཡོད་པ་རྣམས་འགྲེལ་བཤད་ཁ་གསལ་བརྒྱབ་ཡོད། གཞན་ཡང་ལྷན་ཚོགས་སྐབས་བྷར་སེལ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་ཉེ་ལམ་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་འབྲི་རུ་རྫོང་གཙོ་བོར་གྱུར་བའི་བོད་ཀྱི་ས་ཁུལ་འདྲ་མིན་ནང་རྒྱ་ནག་གཞུང་གི་དབང་སྒྱུར་ལ་བོད་མི་ཚོས་ཞི་རྒོལ་བྱས་པ་རྣམས་ལ་དྲག་གནོན་བྱས་པའི་སྐོར་གསུང་བཤད་གནང་བ་མ་ཟད། སྐབས་དེར་འབྲི་རུ་ནས་ཕེབས་པའི་བོད་མི་ཞིག་གིས་བྷེལ་ཇམ་ས་གནས་བོད་མིའི་ཚབ་བྱས་ནས་འབྲི་རུར་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་བོད་མི་ཚོས་ཞི་རྒོལ་བྱས་རྗེས་འཛིན་བཟུང་བཀག་ཉར་དང་། སུན་གཙེར་བཟོས་པ་སོགས་ངོ་སྤྲོད་གནང་བ་མ་ཟད། ཉེ་ལམ་ཁུལ་དེར་གནས་སྟངས་ཛ་དྲག་ཆགས་པ་སོགས་ཞིབ་ཕྲ་གསལ་བཤད་གནང་ཡོད་པ་བཅས།།