༢༠༡༣ ཟླ་ ༡༠ ཚེས་ ༣༡ རེས་གཟའ་ཕུར་བུ།
༄༅། །བཀའ་ཡིག་ཁྱབ་ཁོངས་ལོ་རྒྱུས་འབྲི་རྩོམ་དང་བར་བརྒལ་ལས་བཀོད་ཚན་པའི་དྲུང་གཞོན་འཕྲིན་ལས་རྡོ་རྗེ་ལགས་ལོ་ཤས་སྔོན་ནས་ནད་མནར་གྱིས་སྨན་བཅོས་གང་ནུས་བྱས་ཀྱང་ཕན་བསྐྱེད་མ་བྱུང་བར་ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༣༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༣།༠༠ ཐོག་བདེ་ལེགས་སྨན་ཁང་དུ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་བཀའ་ཤག་ཏུ་སྙན་སེང་དང་སྦྲགས་གསན་ཐོས་བྱུང་བར་ཐུགས་ཕམ་དང་བཅས་དམ་པ་དེ་ཉིད་ཀྱིས་ཚེ་རབས་ཕྲེང་བ་ནས་བསགས་པའི་སྡིག་སྒྲིབ་བྱང་ཞིང་མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་མགྱོགས་ནས་མྱུར་དུ་ཐོབ་ཆེད། གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ པའི་ཐོག་བཀའ་ཤག་ཡང་སྟེང་ཚོགས་ཁང་དུ་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་ཁྲིམས་ཞིབ་པ་གཞན་རྣམ་གཉིས་མཆོག རྩིས་ཞིབ་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན་མཆོག དཔལ་འབྱོར་དང་ཕྱི་དྲིལ་བཀའ་བློན་རྣམ་གཉིས་མཆོག་གིས་གཙོས་དབུས་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཐོག་བཀའ་དྲུང་མཆོག་ནས་དམ་པ་ཁོང་གི་ལོ་རྒྱུས་སྙིང་བསྡུས་ཤིག་སྒྲོགས་སྦྱང་གནང་རྗེས་སྨོན་ལམ་གསུང་འདོན་གནང་། དམ་པ་ཁོང་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེ་མཚོན་ཆེད་ཕྱེད་ཡོལ་ཆུ་ཚོད་ ༤ ནས་དབུས་ལས་ཁུངས་ཁག་སྒོ་བརྒྱབ་ཡོད།
དེ་ཡང་དྲུང་གཞོན་འཕྲིན་ལས་རྡོ་རྗེ་ལགས་ཀྱི་ལོ་རྒྱུས་ནི། ཕྱི་ལོ་ ༡༩༧༩ ཟླ་ ༦ ཚེས་ ༦ ཉིན་འབྲས་ལྗོངས་ར་སྦང་ལ་ཀུན་ཕན་གླིང་གཞིས་ཆགས་སུ་འཁྲུངས་པ་དང། ཕྱི་ལོ་ ༢༠༠༠ ལོར་རྡོར་གླིང་གཏན་སློབ་ནས་འཛིན་རིམ་བཅུ་གཉིས་ཐོན། ཕྱི་ལོ་ ༢༠༠༣ ལོར་ཅན་རྡི་སྒར་མཐོ་སློབ་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་ (BA) ཐོན། ཕྱི་ལོ་ ༢༠༠༦ ཟླ་ ༢ ཚེས་ ༡༠ ཉིན་དྲུང་གཞོན་ལས་རོགས་ཀྱི་གནས་རིམ་ཐོག་ཆོས་རིག་ལས་ཁུངས་སུ་བསྐོ་གཞག་གནང། ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༩ ཚེས་ ༡ ནས་ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༡༡ བར་ཕྱེད་ཕོགས་དམིགས་བསལ་ནད་དགོངས་གནང།
ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༢༦ ནས་བཀའ་ཡིག་ཁྱབ་ཁོངས་ངེས་མེད་ལས་གཞི་ཚན་པའི་དྲུང་གཞོན་དུ་གནས་སྤོས་ཀྱིས་ལས་འཁུར་ཞུས། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༦ ནས་ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༣༠ བར་ཕོགས་མེད་ནད་དགོངས་ཞུས། ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡ བར་དམིགས་བསལ་ཕོགས་མེད་དགོངས་ཞུས་རྗེས་ལས་ཁུངས་རང་འཇགས་ནང་ལས་ཁུར་ཞུ་མུས་ཡིན་འདུག་པ་བཅས།།