༢༠༡༣ ཟླ་ ༡༠ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༢༥ ཉིན་མེག་གྷན་དུ་ཡོད་པའི་རྡ་ས་བོད་ཀྱི་གསོལ་མགྲོན་ཁང་དུ་བོད་མིའི་སྒྲིག་འཛུགས་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་དྲ་རྒྱའི་ལམ་ནས་བོད་པའི་ལག་ཤེས་བཟོ་རིག་རྒྱ་གར་དངུལ་ནང་འཛམ་གླིང་ཡོངས་ལ་ཚོང་འགྲེམས་བྱ་རྒྱུའི་དྲ་ཚིགས་ www.TIBETeSHOP.com དབུ་འབྱེད་གནང་བ་དང་ལྷན་གསུང་བཤད་གནང་དོན། དེ་རིང་ངས་དཔལ་ལྡན་སྲིད་སྐྱོང་མཆོག་དང་བོད་མིའི་སྒྲིག་འཛུགས། ལྷག་པར་ནང་སྲིད་ལས་ཁུངས་ཀྱི་ཚབ་ཞུས་ཏེ་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ངོས་ནས་དུས་དང་མཐུན་པ་གསར་གཏོད་ཀྱི་ལམ་ནས་དྲ་རྒྱའི་བརྒྱུད་ཚོང་ལས་ཚན་པ་ཞིག་འགོ་འཛུགས་གནང་ཐུབ་པར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ང་རང་ཚོ་བོད་མི་རྣམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་བཙན་བྱོལ་དུ་འབྱོར་སྐབས་ཡིན་ནའང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དེའི་སྐབས་བོད་གཞུང་གི་དགོངས་པ་བཞེས་ཕྱོགས་གཅིག་གང་མྱུར་རང་ཡུལ་ལ་ཕྱིར་ལོག་ཐུབ་པའི་གནས་སྟངས་ཤིག་དགོས་ཀྱི་ཡོད། འོན་ཀྱང་བཙན་བྱོལ་ནང་ལྷག་པའི་རིང་གཞན་ལ་བསྟུན་མ་དགོས་པའི་ཐོག་ད་ལྟའི་བཀའ་ཤག་གི་ལྟ་གྲུབ་རང་ཁ་རང་གསོའི་ཐོག་གནས་ཐུབ་རྒྱུ་དང་དེའི་ཐོག་འགྲོ་དགོས་རྒྱུ་དེ་གལ་ཆེན་པོ་ཞིག་ཏུ་གཟིགས་ཏེ། ང་ཚོ་ད་ལྟ་བཙན་བྱོལ་དུ་ཡོད་པའི་བོད་མིའི་གཞིས་ཆགས་ཁག་གི་ནང་ལའང་ཕྱི་ལོ་ ༡༩༦༥ ནས་བཟུང་མཉམ་འབྲེལ་བཙུགས་ཐུབ་ཡོད།
དེ་བཞིན་བཟོ་གསོག་གི་གཞིས་ཆགས་ཁག་ཏུ་ང་ཚོ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་དང་འབྲེལ་བ་ཡོད་པའི་ཐོག་ནས་ཁ་གདན་བཟོ་རྒྱུ་དེ་དག་དེང་སང་འཛམ་གླིང་ནང་ལྟ་སྐབས་བལ་ཡུལ་དང་རྒྱ་གར་ནང་བཟོ་མཁན་མང་པོ་ཆགས་ཡོད། དེ་དག་ཐོག་མ་འགོ་འཛུགས་རྒྱུ་དེ་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ཐུགས་རྗེ་བཀའ་དྲིན་དང་གཟི་བརྗིད། ལྷག་པར་མགོན་པོ་གང་ཉིད་མཆོག་གི་བརྒྱུད་དགེ་བཤེས་བླ་མ་མང་པོ་ཞིག་གིས་ང་ཚོའི་ནང་ཆོས་དང་རིག་གཞུང་དེ་འཛམ་གླིང་ཡུལ་གྲུ་ཁག་གི་ནང་དར་ཁྱབ་བྱུང་ཚེ། རང་བཞིན་གྱི་ང་ཚོའི་ཆོས་རྫས་རིགས་དང། བོད་པའི་རིག་གཞུང་དང་འབྲེལ་བ་ཡོད་པའི་ཐོག་ནས་ཆས་གོས། བོད་སྨན་སོགས་ཀྱི་ཐོག་ནས་དྲིལ་བསྒྲགས་ཤུགས་ཆེ་འགྲོ་ཐུབ་ཡོད། ད་གི་རེ་ཌི་(Siva Reddy)ལགས་ཀྱིས་གསུངས་པ་བཞིན་དུས་ཚོད་གཅིག་ལ་ང་ཚོ་བོད་པས་བཟོས་པའི་རུམ་གདན་རྣམས་རྒྱ་གར་དང་བལ་ཡུལ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཤུགས་ཆེན་པོ་ཚོང་འགྲེམས་བྱེད་ཐུབ་ཀྱི་ཡོད། བར་སྐབས་ཤིག་ལ་འཛམ་གླིང་ནང་ཚོང་ལས་དང་འབྲེལ་བའི་ཐོག་འགྱུར་བ་མང་པོ་ཞིག་ཕྱིན་ཡོད། དུས་ཀྱི་འགྱུར་བ་ཕྱིན་པ་དང་ཚོང་ལས་བྱེད་ཕྱོགས་ཐད་འགྱུར་བ་ཕྱིན་སྐབས་ང་ཚོ་གོམ་པ་མཉམ་སྤོ་བྱེད་མ་ཐུབ་པ་ཞིག་མིན་ནམ་བསམ་བཞིན་ཡོད། དེར་བརྟེན་ང་རང་ཚོའི་གཞིས་ཆགས་ཁག་གི་ནང་ཡོད་པའི་རུམ་གདན་བཟོ་གྲྭ་མང་པོ་ཞིག་སྒོ་རྒྱག་དགོས་ཐུག་པ་བྱུང་ཡོད། དེ་དག་ཕལ་ཆེར་ང་ཚོས་དུས་ཐོག་ཁྲོམ་རྭར་གོམ་པ་མཉམ་དུ་སྤོ་མ་ཐུབ་པ་དང། དེ་བཞིན་གཞིས་ཆགས་གཅིག་གི་ནང་རུམ་གདན་བཟོ་མཁན་དེར་ས་གནས་ཀྱི་དངུལ་ཉུང་ཉུང་ཞིག་མ་གཏོགས་སྤྲད་མ་ཐུབ་པར་ཁེ་བཟང་དེ་བར་མི་ཞིག་ལ་ཐོབ་འགྲོ་གི་ཡོད་པར་བརྟེན། ང་ཚོའི་གཞིས་ཆགས་ཁག་ནང་ཡོད་པའི་རུམ་གདན་གྱི་བཟོ་གྲྭ་མང་པོ་ཞིག་རང་བཞིན་གྱི་སྒོ་རྒྱག་དགོས་ཐུག་གི་ཡོད། ད་ལན་སྤྱི་མཐུན་མཉམ་འབྲེལ་གྱི་རིག་པ་བསྒྲིམས་ནས་འཛམ་གླིང་དང་མཐུན་པའི་ཐོག་ནས་གོམ་པ་སྤོས་ཐུབ་པ་དེ་ཧ་ཅང་ཡག་པོ་བྱུང་འདུག་ཅེས་ཞུ་རྒྱུ་ཡིན་ལ། དེར་རྒྱབ་སྐྱོར་དང་བསྔགས་བརྗོད་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས།།