༢༠༡༣ ཟླ་ ༡༠ ཚེས་ ༤ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༤ ཉིན་འཕགས་ཡུལ་ནོར་གླིང་ཉེ་འཁྲིས་སུ་རྟེན་གཞི་བྱས་པའི་བཙུན་དགོན་སྒྲོལ་མ་གླིང་གི་ཆོས་རའི་ནང་བཙུན་མའི་འཇང་དགུན་ཆོས་སྐབས་བཅུ་དགུ་པའི་མཛད་སྒོ་དབུ་འབྱེད་ཆོས་རིག་བཀའ་བློན་མཆོག་གིས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་གཙོས་བཙུན་མའི་ལས་འཆར་གྱི་ངེས་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་དང་དགོན་སྡེ་ཁག་ནས་ཕེབས་པའི་མཁན་པོ་དང་དགེ་བཤེས་རྣམ་པ། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ། བཙུན་དགོན་ཁག་བརྒྱད་ནས་ཕེབས་པའི་བཙུན་མ་རྣམས་ལྷན་འཛོམས་ཀྱི་དབུས་སུ་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་ཞལ་འབྱེད་དང་ལྷན་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཆོག་ལ་མཇལ་དར་སྒྲོན་འབུལ་གནང་གྲུབ་མཚམས་རིམ་བཞིན་དབུ་དགེ་རྣམ་པས་མཇལ་དར་སྒྲོན་འབུལ་ཞུས། དེ་ནས་ཞལ་འདོན་དབུ་འཛུགས་གནང་སྟེ་གསོལ་ཇ་འབྲས་སིལ་ཕུལ་གྲུབ་མཚམས་བཙུན་མའི་ལས་འཆར་གྱི་ངེས་སྟོན་པ་གཞོན་པ་བཙུན་མ་བློ་བཟང་བདེ་ཆེན་ལགས་ཀྱིས་མཛད་སྒོ་ངོ་སྤྲོད་ཀྱི་གསུང་བཤད་དང་བོད་ཀྱི་བཙུན་མའི་ལས་འཆར་ཁང་གི་ངེས་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་གསུང་བཤད་གནང་ཡོད།
དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་མཛད་སྒོ་དབུ་འབྱེད་ཀྱི་གསུང་བཤད་གནང་དོན། བཙུན་མའི་ལས་འཆར་ཁང་གི་ངེས་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་གཙོས་ངེས་སྟོན་པ་གཞོན་པ་བློ་བཟང་བདེ་ཆེན་ལགས། དགེ་བཤེས་དང་མཁན་པོ་རྣམ་པ། དགེ་རྒན་རྣམ་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། འཇང་དགུན་ཆོས་ལ་ཕེབས་པའི་བཙུན་མ་རྣམས་བཅས་ལ་ངས་ཆོས་རིག་ལས་ཁུངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། ཕྱི་ལོ་ ༡༩༩༥ དེ་འདྲའི་ནང་འཇང་དགུན་ཆོས་ལ་བཙུན་མ་ཉི་ཤུ་ཙམ་ལས་རག་མིན་གནས་སྟངས་ཤིག་བྱུང་ཡོད། ད་ལྟའི་ཆར་ས་མཐའ་ཁག་ནས་བཙུན་མ་ཉིས་བརྒྱ་ཙམ་དང་འདིར་བཞུགས་ཉིས་བརྒྱ་ལྷག་ཙམ་སོགས་ཁྱོན་བཙུན་མ་གྲངས་ལྔ་བརྒྱ་བརྒལ་བ་མཉམ་ཞུགས་ཀྱིས་ཟླ་བ་གཅིག་རིང་འཇང་དགུན་ཆོས་འཚོགས་གནང་གི་ཡོད།
སྤྱིར་བཏང་ང་ཚོ་སྐྱབས་བཅོལ་བའི་གནས་སྟངས་ཤིག་ཆགས་ཡོད། འོན་ཀྱང་དེ་ལྟ༌བུ་ཞིག་མཉམ་འཛོམས་ཐུབ་པ་ཧ་ཅང་སྐལ་བཟང་དང་གཟི་བརྗིད་ཆེན་པོ་རེད། དེ་སྔོན་༸གོང་ས་༉༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོ་བོད་མིར་ངོམ་རྒྱུ་གཅིག་ཡོད་པ་ནི་ང་ཚོར་ཐུན་མོང་མ་ཡིན་པའི་རིག་གཞུང་ཞིག་ཡོད་པ་དེ་རེད་མ་གཏོགས་དེ་མིན་འཛམ་གླིང་འདིར་ང་ཚོར་ངོམ་རྒྱུ་གང་ཡང་མེད། ཅེས་བཀའ་སློབ་ཕེབས་ཡོད། དེ་བཞིན་འཛམ་གླིང་གི་མི་དེ་དག་རྡ་ས་སོགས་ལ་འཁོར་རྒྱུ་དེ་ཡང་ནང་ཆོས་ལ་བརྟེན་ནས་ཡོང་བཞིན་ཡོད། དེར་བརྟེན་ང་ཚོས་རང་ཉིད་ལ་ཐུན་མོང་མ་ཡིན་པའི་རིག་གཞུང་རྩ་ཆེན་ཞིག་ཡོད་པ་ངོས་ཤེས་པའི་ཐོག་ནས་བདག་པོ་བརྒྱབ་པ་ཙམ་མ་ཟད་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་རང་གསར་གཏོད་བྱེད་རྒྱུར་དོ་སྣང་ཆེན་པོ་བྱེད་མཁན་ཞིག་ཡིན། ང་ཚོས་ནམ་རྒྱུན་འཆར་ཅན་ཐོག་ནས་ཕྱིན་ན་དེ་ཙམ་གྱིས་འགྲིག་གི་མེད། གང་ལ་ཞེ་ན། དུས་རབས་ཉེར་གཅིག་ནང་སླེབས་ཡོད་སྟབས། ང་ཚོའི་རིག་གཞུང་རྩ་ཆེན་དེ་དག་ལ་བསླབ་པ་སློབ་གཉེར་མཐར་ཕྱིན་པ་གནང་དགོས། དེར་བརྟེན་ང་ཚོ་ཆོས་རིག་ལས་ཁུངས་ནས་གསར་གཏོད་བྱེད་རྒྱུ་ཁག་གཅིག་འབད་བརྩོན་བྱས་པ་ལྟར་གང་ཙམ་ཞིག་ལག་བསྟར་བྱེད་བཞིན་ཡོད་ལ་གང་ཙམ་ཞིག་འཆར་སྣང་ཐོག་འགྲོ་གི་ཡོད།
གཞི་རྩའི་ཆ་ནས་དམིགས་བསལ་ཆོས་རིག་ལས་ཁུངས་ནས་ཐག་གཅོད་བྱེད་རྒྱུ་དེ་འདྲ་གང་ཡང་མེད། འོན་ཀྱང་ང་ཚོས་དགེ་བཤེས་མ་གཏོང་རྒྱུ་ཐག་གཅོད་བྱས་པ་ཡིན། ཉེ་ཆར་བཙུན་མ་ ༢༧ ནས་དགེ་བཤེས་མའི་རྒྱུགས་སྤྲོད་ལ་བཞུགས་པ་དེ་བོད་ཀྱི་རྒྱལ་རབས་ནང་ཐེངས་དང་པོ་ཆགས་ཡོད། དེའི་ནང་ནས་བཙུན་མ་གསུམ་གྱིས་ཨང་རིམ་དང་པོ་བླངས་ཡོད། ང་ཚོས་དུས་རབས་ཉེར་གཅིག་ནང་སྐྱོད་དགོས་སྟབས། བོད་མི་ས་ཡ་དྲུག་ཡོད་ཁོངས་ནས་བུད་མེད་ས་ཡ་གསུམ་ཡོད་པ་ཚོར་ང་ཚོས་གོ་སྐབས་སྤྲད་དང་སྤྲོད་མུས་ལྟར་ཁྱེད་རྣམས་ནས་ལེན་ཐུབ་པ་དགོས། དེང་འཛམ་གླིང་ས་ཕྱོགས་གང་དུ་བསྐྱོད་ཀྱང་སོ་སོར་རང་སྐྱ་འཕེར་བའི་སློབ་སྦྱོང་ཞིག་མེད་ན། ནང་ཆོས་དང་བོད་མི་རིགས་རྩ་དོན་ཐོག་ལ་ཆ་ཚང་བ་ཞིག་ཆ་ཤས་ལེན་ཐུབ་ཀྱི་མེད། དེར་བརྟེན་རང་ཉིད་ཀྱིས་སློབ་སྦྱོང་གོ་སྐབས་བཟང་པོ་དེ་ཆུད་ཟོས་སུ་མ་བཏང་བར་སློབ་སྦྱོང་མཐར་ཕྱིན་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན་དགེ་སློང་མའི་སྡོམ་རྒྱུན་སྐོར་ལ་ལས་ཀ་མུ་མཐུད་ནས་བྱེད་བཞིན་ཡོད། ལྷག་པར་དེའི་སྐོར་ལ་ཤོག་ལྷེ་སུམ་བརྒྱ་ལྷག་ཙམ་ཞིག་བཏོན་གནང་བ་དེ་ད་ལྟ་པར་སློག་རྒྱག་བཞིན་ཡོད། དེ་གྲུབ་མཚམས་ང་ཚོས་གོང་མ་ཡང་གོང་མ་དང་བླ༌མ་ཡང་བླ་མ་ཡོད་པ་རྣམ་ལ་འབུལ་ལམ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད། དེ་ནས་བཙུན་དགོན་སྒྲོལ་མ་གླིང་གི་སློབ་སྤྱིས་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒྲོ་གྲོལ་ཡོད།
ཐེངས་འདིའི་འཇང་དགུན་ཆོས་ལ་བཙུན་དགོན་མཁའ་སྤྱོད་དགའ་འཁྱིལ་དགོན་པ་དང་། ཐུགས་རྗེ་ཆོས་གླིང། བྱང་ཆུབ་ཆོས་གླིང་། དགའ་ལྡན་ཆོས་གླིང། སྒྲོལ་མ་གླིང། ཁུ་ནུ་བཙུན་དགོན། དོན་རྒྱུད་གླིང་བཅས་ནས་ཁྱོན་བཙུན་མ་གྲངས་ ༥༠༠ བརྒལ་བ་ནས་ཟླ་བ་གཅིག་རིང་འཚོགས་རྒྱུའི་འཇང་དགུན་ཆོས་ལ་མཉམ་ཞུགས་གནང་འདུག་པ་བཅས། །