༢༠༡༣ ཟླ་ ༡༠ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །ཉེ་ལམ་རྒྱ་གར་ཤར་ཕྱོགས་ཨོ་ཌི་ས་མངའ་སྡེའི་གན་ཇམ་རྫོང་ Ganjam district ཁོངས་ཀྱི་གྷོ་པལ་པུར་ Gopalpur གྲོང་དུ་དྲག་ཆར་རླུང་ཚུབ་ཕ་ལིན་ Cyclone Phailin ཞེས་པ་མྱུར་ཚད་ཆུ་ཚོད་གཅིག་ནང་རྒྱང་ཐག་སྤྱི་ལི་ ༢༤༠ ཙམ་རྒྱུགས་པ་དེས་ཉེ་ཁོར་རྒྱ་གར་ཡུལ་མི་ཙམ་མ་ཟད། རྒྱང་ཐག་སྤྱི་ལི་ ༩༠ ཙམ་གྱི་སར་ཡོད་པའི་ཉེ་འགྲམ་གྷ་ཇ་པ་ཏིའི་ Gajapati རྫོང་ཁོངས་ཅན་དྷ་ར་གྷི་རིའི་ Chandragiri ནང་རྟེན་གཞི་བྱས་པའི་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་སུའང་སྟོན་ཐོག་དང་ཁང་ཁྱིམ་སོགས་ལ་གཏོར་བཤིག་ཧ་ཅང་བཟོས་ཡོད། འོན་ཀྱང་བོད་མི་སུ་ལའང་སྲོག་སྐྱོན་བྱུང་མེད། དེ་ཡང་ས་གནས་འགོ་འཛིན་ལས་ཁུངས་ནས་རྟོག་ཞིབ་གནང་རྗེས་གནས་ཚུལ་བརྗོད་གསལ་ལྟར་ན། བོད་མི་ཚོའི་སྟོན་ཐོག་ཨ་ཤོམ་བཏབ་ཡོད་ཁོངས་ནས་བརྒྱ་ཆ་དགུ་བཅུ་ཙམ་དྲག་ཆར་རླུང་ཚུབ་དེས་རྩ་མེད་བཟོས་པ་མ་ཟད། ཤིང་འབྲས་གང་ཙམ་ཞིག་རྩ་བཀོག་བཏང་བ་དང་། བོད་མིའི་སྡོད་ཁང་འགའ་རེའི་ཐོག་གློག་གི་གདུང་མ་དང་ཤིང་སྡོང་འགྱེལ་སྟབས་གཏོར་བཤིག་བཏང་འདུག སྤྱིར་ཨོ་ཌི་ས་བོད་མིའི་གཞིས་ཆགས་སུ་ཁྱོན་བོད་མི་གྲངས་ ༣༠༠༠ ལྷག་ཡོད་པ་མ་ཟད། རྨོ་ཞིང་ཨེ་ཀར་ ༢༠༠༠ ཙམ་ཡོད་པ་དང་། ཆར་དུས་སྐབས་སྟོན་ཐོག་གཅིག་རང་ལ་བརྟེན་ནས་འཚོ་སྡོད་བྱེད་བཞིན་ཡོད། ད་སྐབས་དྲག་ཆར་རླུང་ཚུབ་ཀྱིས་གློག་དང་འབྲེལ་ལམ་སོགས་ལ་འགོག་རྐྱེན་ཧ་ཅང་བཟོས་ཡོད།