༢༠༡༣ ཟླ་ ༡༠ ཚེས་ ༡༨ རེས་གཟའ་པ་སངས།
༄༅། །འདི་གར་ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཡིག་ཚང་ནས་བཏང་གནས་ནང་འཁོད་དོན། དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་སྤྱི་ཁྱབ་ཡིག་ཚང་གི་གོ་སྒྲིག་འོག ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༡༥ ནས་ ༡༧ བར་ཉིན་གསུམ་རིང། ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་གཞི་རིམ་འོག་མ་འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ་བསྐྱར་ཞིབ་ཀྱི་ཚོགས་འདུ་སྐོང་ཚོགས་གནང༌ཡོད།
ཐེངས་འདིའི་སློབ་དེབ་བསྐྱར་ཞིབ་ཀྱི་ཚོགས་འདུ་འདི་ཡང་། ཕྱི་ལོ་ ༢༠༡༠ ལོར་ཤེས་རིག་ལས་ཁུངས་ནས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་བསླབ་གཞིའི་རྩ་འཛིན་བཟོ་འགོད་དང། གཞི་རིམ་སློབ་དེབ་ཡོངས་རྫོགས་བསྐྱར་ཞིབ་གནང་བའི་ལས་རིམ་གྱི་ཆ་ཤས་ཤིག་ཡིན་འདུག
བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་འདུ་ཉིན་གསུམ་རིང་། ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་དྲུང་འཕར་བཀྲ་ཤིས་དོན་གྲུབ་ལགས་དང་། བོད་ཡིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས། སློབ་དེབ་རྩོམ་སྒྲིག་པ་དྲུང་ལས་དགེ་འདུན་དོན་ཡོད་ལགས་དང་དྲུང་ལས་བཀྲ་ཤིས་རྡོ་རྗེ་ལགས་རྣམ་གཉིས།
བསྐྱར་ཞིབ་ཚོགས་མི་གྷོ་པལ་པུར་བོད་ཁྱིམ་གྱི་རྒན་བློ་བཟང་ལུང་རིགས་ལགས། དགའ་ལྡན་བྱང་རྩེའི་རྒན་བློ་བཟང་ལེགས་སྒྲུབ་ལགས། བྷེལ་ཀོབ་ཨར་ལི་ཀུ་མ་རི་སློབ་གྲྭའི་རྒན་བསོད་ནམས་གཡུ་སྒྲོན་ལགས། མ་སུ་རི་བོད་ཁྱིམ་གྱི་རྒན་བསོད་ནམས་དཔལ་སྒྲོན་ལགས། བཙུན་དགོན་སྒྲོལ་མ་གླིང་གི་རྒན་ཆབ་མདོ་བློ་བཟང་ལགས། སྤོག་རེ་སྤོང་སམ་བྷོ་ཊ་སློབ་གྲྭའི་རྒན་རྡོ་རྗེ་རིན་ཆེན་ལགས། མ་སུ་རི་གཏན་སློབ་ཀྱི་རྒན་ཚེ་རིང་ལྷ་མོ་ལགས། སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་ནས་དྲ་བརྙན་སློབ་ཁྲིད་གནང་མཁན་རྒན་བསྟན་འཛིན་དབང་འདུས་ལགས་བཅས་མཉམ་ཞུགས་ཀྱིས་སྦྱང་བཤད་དང་གྲོས་སྡུར་ལྷུག་པོར་གནང་སྟེ་གཏན་འབེབས་གནང་ཡོད།
དེ་སྔ་ཤེས་རིག་ལས་ཁུངས་ནས་གཞི་རིམ་བར་མའི་བོད་ཡིག་སློབ་དེབ་གཏན་འབེབས་ཟིན་ཏེ། གཞི་རིམ་སློབ་གྲྭ་ཁག་གི་ནང་སློབ་ཁྲིད་ལག་བསྟར་གནང་བཞིན་པ་དང། འཆར་ལོར་གཞི་རིམ་འོག་མའི་འཛིན་གྲྭ་བཞི་པ་དང། ལྔ་པའི་སློབ་དེབ་གཏན་འབེབས་དང། གཞི་རིམ་གོང་མའི་སློབ་དེབ་བཅས་རིམ་བཞིན་བསྐྱར་ཞིབ་གནང་འཆར་ཡོད་འདུག་པ་བཅས།།