༢༠༡༣ ཟླ་ ༡༠ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༡༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྷོ་ཨ་རིའི་མེཀ་སི་ཁོའི་གྲོང་ཁྱེར་གྱི་(Arena Ciudad de Mexico) ཞེས་པའི་ཚོགས་ཁང་ཆེན་མོའི་ནང་མང་ཚོགས་བཞི་སྟོང་བརྒལ་བར་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་མཇུག་ཆེན་མོའི་ཆོས་འབྲེལ་དབུ་འཛུགས་མཛད་འདུག
དེ་ཡང་༸གོང་ས་མཆོག་ཚོགས་ཁང་ནང་ཆིབས་སྒྱུར་བསྐྱངས་སྐབས་ཆོས་ཞུ་བ་ཡོངས་ཀྱིས་གུས་འདུད་ཀྱི་ཚུལ་དུ་ཡར་བཞེངས་ཐལ་མོ་བརྡབས་སྟེ་ཕེབས་བསུ་ཞུས་ཡོད། དེ་ནས་མགོན་པོ་གང་ཉིད་མཆོག་གི་གྲོགས་པོ་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྤྱི་ཁྱབ་འགན་འཛིན་རི་ཆ་ཌི་གྷེར་(Richard Gere)ལགས་ཀྱིས་མང་ཚོགས་ལ་༸གོང་ས་མཆོག་ངོ་སྤྲོད་གནང། དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།
ངོས་ཀྱིས་དུས་རྟག་ཏུ་ཆོས་ཞུ་བ་རྣམས་ལ་སོ་སོའི་ཕ་མེས་ཀྱི་ཆོས་ལུགས་རྗེས་སུ་ཞུགས་ན་ལེགས་པ་ཡོད་སྐོར་བརྗོད་ཀྱི་ཡོད། འོན་ཀྱང་དུས་རབས་ཉེར་གཅིག་པའི་ནང་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་ཡོང་སླད་ཆོས་ལུགས་ཕན་ཚུན་སྐོར་ཤེས་དགོས་རྒྱུ་ཡང་ཧ་ཅང་གལ་ཆེན་པོ་ཡིན། ཆོས་ལུགས་ཚང་མས་བྱམས་པ་དང་བརྩེ་བ་ལག་བསྟར་བྱེད་དགོས་སྐོར་གཅིག་མཚུངས་གསུངས་ཡོད། དེ་དག་དངོས་སུ་ལག་བསྟར་ཡོང་བར་བཟོད་བསྲན་དང་འདོད་ཆུང་ཆོག་ཤེས་བསྟེན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཆོས་ལུགས་ཚང་མས་དེ་དག་གསུངས་ཀྱི་ཡོད་པར་བརྟེན་ང་ཚོ་ཕན་ཚུན་གཅིག་གིས་གཅིག་ནས་སྦྱངས་བཤད་བྱས་ནས་ཤེས་ཐུབ། ཅེས་བཀའ་སློབ་སྩལ། དེ་བཞིན་༸གོང་ས་མཆོག་གིས་ཆོས་འབྲེལ་དབུ་འཛུགས་མ་མཛད་གོང་ནང་ཆོས་ངོ་སྤྲོད་དང་འབྲེལ་ནས་བཀའ་སློབ་སྩལ་དོན།
སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་དེ་སྡུག་བསྔལ་གྱི་རྩ༌བ་དེ་མ་ཤེས་པ་དང་མ་རིག་པ་རེད། སྡུག་བསྔལ་ལ་དབྱེ་ན་གསུམ་ཡོད། སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། འདུ་བྱེད་ཀྱི་སྡུག་བསྔལ་བཅས་གསུམ་ཡོད། སྡུག་བསྔལ་གྱི་སྡུག་བསྔལ་དེ་ལས་འབྲས་ལ་རྨོངས་པའི་མ་རིག་པའི་དབང་གིས་ཡོང་གི་ཡོད། ཕལ་ཆེར་འགྱུར་བའི་སྡུག་བསྔལ་དང་ལྷག་པར་འདུ་བྱེད་ཀྱི་སྡུག་བསྔལ་ནི་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པའི་དབང་གིས་བྱུང་བ་རེད། དེར་བརྟེན་མ་རིག་པ་གཉིས་བཤད་སྐབས། སྡུག་བསྔལ་རིམ་པ་གསུམ་བཤད། རིམ་པ་གཉིས་དེ་གཉིས་ལ་བསྡོམས་ན་སྡུག་བསྔལ་གྱི་སྡུག་བསྔལ་དང་འགྱུར་བའི་སྡུག་བསྔལ་བཅས་རིམ་པ་གཅིག་བྱས། དེ་ནས་འདུ་བྱེད་ཀྱི་སྡུག་བསྔལ་བཅས་རིམ་པ་གཉིས་ཡིན། རྩ་བའི་རྒྱུ་མི་ཤེས་པ་དེར་ལས་འབྲས་ལ་རྨོངས་པའི་མ་རིག་པ་དང་། དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་བཅས་གཉིས་བྱས། མ་རིག་པ་ཡིན་ཕྱིན་ཆད་ལ་དེའི་གཉེན་པོ་དེ་སྨོན་ལམ་བརྒྱབ་ནས་མ་རིག་པ་སེལ་གྱི་མ་རེད། རྩེ་གཅིག་ཏུ་སྒོམ་བརྒྱབ་པ་ཙམ་གྱིས་མ་རིག་པ་སེལ་གྱི་མ་རེད། མ་རིག་པ་སེལ་ཟེར་རྒྱུ་དེ་ཡིད་ཤེས་སམ་ཤེས་རབ་སྐྱེས་ནས་མི་ཤེས་པ་སེལ་དགོས་ཀྱི་ཡོད། དེར་བརྟེན། ཡན་ལག་འདི་དག་ཐམས་ཅད་ནི། ཐུབ་པས་ཤེས་རབ་དོན་དུ་གསུངས། ཞེས་ཆོས་ཚུལ་ཟབ་ཅིང་རྒྱ་ཆེ་བ་མང་པོ་ཞིག་གསུངས་ཡོད་པ་དེ་དག་གཙོ་བོ་ཤེས་རབ་སྐྱེ་བའི་དོན་དུ་གསུངས་པ་རེད། ཤེས་རབ་དེ་ཡང་དེ་ཁོ་ན་ཉིད་ཤེས་པའི་ཤེས་རབ། མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འགྱུར་མཁན་གྱི་ཤེས་རབ་ཀྱི་དོན་དུ་གསུངས་པ་རེད། ཅེས་བཀའ་སློབ་སྩལ་ཡོད་པ་བཅས།།