༢༠༡༣ ཟླ་ ༡༠ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༡༠ རེས་གཟའ་ཕུར་བུའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ཇོར་ཇི་ཡའི་ Georgia མངའ་སྡེའི་གྲོང་ཁྱེར་ཨེ་ཊ་ལེན་ཌའི་ནང་རྟེན་གཞི་བྱས་པའི་ཨེ་མོ་རི་ Emory University གཙུག་ལག་སློབ་གྲྭའི་ནང་ཚོང་རིག་དང་བཟང་སྤྱོད་ཀྱི་འཛིན་གྲྭ་བཅས་སློབ་ཚན་གཉིས་ཀྱི་འཛིན་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་སློབ་ཕྲུག་ཚོ་དང་ལྷན་གྲོས་མོལ་མཛད་ཡོད། དེ་ཡང་ཐོག་མར་ཚོང་རིག་འཛིན་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་སྩལ་དོན། ངོས་ཀྱིས་ཚོང་འབྲེལ་དང་དངུལ་གལ་ཆེ་ཡིན་པ་ཤེས་ཀྱི་ཡོད་ཀྱང་དངུལ་ཇི་ལྟར་བཟོ་དགོས་མིན་ཐོག་གང་ཡང་ཤེས་ཀྱི་མེད། ལས་དོན་ཇི་འདྲ་ཞིག་ཡིན་ནའང་ལས་དོན་དེ་དག་ཕན་པའི་རང་བཞིན་ལ་འགྲོ་རྒྱུར་གཙོ་བོ་ཀུན་སློང་ལ་རག་ལུས་ཡོད། ལས་དོན་ཇི་འདྲ་ཞིག་ཡིན་ནའང་ཕྱི་གསལ་ནང་གསལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་ལྟར་བྱུང་བ་ཡིན་ན་ཕན་ཚུན་ཡིད་ཆེས་ཡོང་རྒྱུ་རེད། མཐུན་སྒྲིལ་ཡོང་བར་ཡིད་ཆེས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་བ་མ་ཟད། དེང་སྐབས་སྤྱི་ཚོགས་ཁྲོད་འགྲན་རྩོད་ཧ་ཅང་ཆེན་པོ་ཡོད་པ་དེར་ཁག་མི་འདྲ་བ་གཉིས་ཡོད་པ་དང་། འགྲན་བསྡུར་ཁག་ཅིག་རང་རྒྱལ་གཞན་ཕམ་ཁོ་ནའི་བསམ་བློའི་ཐོག་ནས་རང་གི་མི་མཐུན་པའི་ཕྱོགས་དེ་ཕམ་བཅུག་ནས་རང་ཉིད་ལ་རྒྱལ་ཐོབ་རྒྱུ་ཁོ་ནའི་བསམ་བློ་དེ་མི་འོས་པའི་འགྲན་རྩོད་ཆགས་ཡོད། དེ་ལས་ལྡོག་སྟེ་རང་གཞན་ཚང་མར་ཁེ་ཕན་དང་ཡར་རྒྱས་ཆེད་འགྲན་རྩོད་བྱེད་པ་དེ་ནི་ཚུལ་ལྡན་གྱི་འགྲན་རྩོད་ཞིག་ཆགས་ཡོད། ཅེས་བཀའ་སློབ་སྩལ།
དེ་རྗེས་འཛིན་ཁང་གཉིས་པའི་ནང་ཆིབས་སྒྱུར་བསྐྱངས་སྐབས་སློབ་ཕྲུག་རྣམས་ཀྱིས་༸གོང་ས་མཆོག་གིས་ལྗགས་རྩོམ་མཛད་པའི་ཆོས་ལུགས་རིས་མེད་སྐོར་གྱི་དཔེ་དེབ་བཀླགས་མྱོང་ཡོད་པར་བརྟེན། སློབ་མ་གཅིག་གིས་༸གོང་ས་མཆོག་གི་ཕྱག་དེབ་དེའི་ནང་དོན་དང་འབྲེལ་ནས་ཆོས་ལུགས་བྱེ་བྲག་པ་གཅིག་ལ་བློ་མ་གཏད་པར་རིས་མེད་ཀྱི་བསམ་བློ་གཏོང་མཁན་ཚོར་ལམ་སྟོན་ཇི་འདྲ་སྩལ་རྒྱུ་ཡིན་སྐོར་དོགས་འདྲི་ཞུ་སྐབས་༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། ཆོས་ལུགས་རིས་མེད་ཀྱི་བསམ་བློ་ངོ་མ་འདི་རེད། རིས་མེད་བརྗོད་སྐབས་ཆོས་དང་འབྲེལ་བ་རྩ་བ་ནས་མེད་པའི་གོ་དོན་མིན། རིས་མེད་ཀྱི་བསམ་བློའི་ཐོག་ནས་དཔྱད་སྒོམ་དང་འཇོག་སྒོམ་སོགས་ཀྱི་ཉམས་ལེན་བྱེད་ཐུབ། དེའི་ཐོག་ནས་རང་གི་ཤེས་རབ་དང་རིག་སྟོབས་གོང་འཕེལ་གཏོང་ཐུབ། ཅེས་བཀའ་ལན་སྩལ། མཐར་སློབ་མ་ཞིག་གིས་༸གོང་ས་མཆོག་ལ་ཆོས་ལུགས་རིས་མེད་ཐོག་ཡེ་ཤུའི་བླ་ཆེན་པོབ་ཀྱི་དགོངས་ཚུལ་ཐོག་བཀའ་ལན་སྩལ་རོགས་ཞུ་སྐབས་༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། ཡེ་ཤུའི་བླ་ཆེན་པོབ་ཇོན་པོལ་གཉིས་པ་ Pope John Paul II མཆོག་ནི་གང་ཟག་ཁྱད་པར་བ་ཞིག་དང་ཧ་ཅང་བརྩི་བཀུར་ཞུ་འོས་པའི་ཆོས་ལུགས་དབུ་ཁྲིད་བླ་ཆེན་ཞིག་ཆགས་ཡོད། ངོས་ཀྱིས་དམ་པ་ཁོང་ལ་བཟང་སྤྱོད་དང་འབྲེལ་བའི་བསླབ་བྱ་དེ་དག་ངེས་པར་དུ་ཆོས་དང་འབྲེལ་བ་ཡོད་དགོས་དམ། ཞེས་འདྲི་སྐབས་དམ་པ་ཁོང་གིས་སྐབས་དེར་བཀའ་ལན་གནང་མེད་ཀྱང་ཡེ་ཤུའི་བླ་ཆེན་གཞན་ཞིག་གིས་དེ་ལྟར་དགོས་སྐོར་གསུངས་བྱུང་། འོན་ཀྱང་ད་ཡེ་ཤུའི་བླ་ཆེན་པོབ་བྷེ་ནི་ཌིག་ཊི་ Pope Benedictམཆོག་གིས་དད་པ་དང་རྒྱུ་མཚན་ཟུང་འབྲེལ་ཐོག་ནས་འགྲོ་དགོས་པ་གསུངས་ཡོད། ད་ལྟའི་ཡེ་ཤུའི་བླ་ཆེན་སྐུ་ཞབས་པོབ་ཕེ་རན་སི་སི་ Pope Francis མཆོག་དང་ངོས་མཇལ་འཕྲད་བྱུང་མེད་ཀྱང་། ཁོང་རང་དངོས་གནས་ཁ་ཡོད་ལག་ཡོད་དང་རྒྱུ་མཚན་ལ་གཞི་འཛིན་མཁན་ཞིག་ཡིན་པའི་མཐོང་ཚུལ་བྱུང་། ད་བར་ངོས་དང་མཇལ་འཕྲད་བྱུང་མེད་ཀྱང་འཆར་ལོའི་ནང་ཁོང་དང་མཇལ་རྒྱུའི་རེ་བ་འཆང་བཞིན་ཡོད། ཅེས་བཀའ་ལན་སྩལ།།