༢༠༡༣ ཟླ་ ༡༠ ཚེས་ ༡༤་རེས་གཟའ་ཟླ་བ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ཨེཊ་ལེན་ཊའི་ཁུལ་དུ་ཉིན་གྲངས་གསུམ་རིང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ། ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༡༡ ཉིན་མགོན་པོ་གང་ཉིད་མཆོག་ལྷོ་ཨ་མི་རི་ཀའི་གྲོང་ཁྱེར་མེཀ་སི་ཁོའི་ Mexico City ནང་༸ཞབས་སོར་བདེ་བར་འཁོད་འདུག སྐབས་དེར་༸གོང་ས་མཆོག་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་མེཀ་སི་ཁོའི་བོད་ཀྱི་ལས་ཁུངས་ Casa Tibet ཀྱི་ཚོགས་གཙོ་སྐུ་ཞབས་མར་ཀོ་ཨེན་ཊོ་ནིའོ་ Marco Antonio Karam ལགས་ཀྱིས་གཙོས་འབྲེལ་ཡོད་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས། དེ་རྗེས་གནམ་ཐང་ནས་བཞུགས་གནས་མགྲོན་ཁང་དུ་ཆིབས་སྒྱུར་བསྐྱངས་སྐྱབས་མགྲོན་ཁང་མདུན་དུ་དད་ལྡན་མང་ཚོགས་དང་བོད་ཀྱི་གྲོགས་པོ་སོགས་ཀྱིས་དགའ་དད་སྤྲོ་གསུམ་གྱིས་༸གོང་ས་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
དེ་ནས་ཉིན་གུང་ལྗགས་སྨིན་གྲུབ་རྗེས་༸གོང་ས་མཆོག་གིས་གྲོང་དེའི་ནང་གི་གསར་འགོད་པ་ཁག་གཅིག་དང་ལྷན་མཇལ་འཕྲད་སྐབས་བཀའ་སློབ་སྩལ་དོན། ཐོག་མར་ངོས་རང་འདིར་མགྲོན་འབོད་གོ་སྒྲིག་གནང་མཁན་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་རང་འཛམ་གླིང་གི་ས་ཕྱོགས་གང་དུ་བསྐྱོད་ཀྱང་འགྲོ་བ་མིའི་རིན་ཐང་དང་ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་བཅས་གནད་དོན་འདི་གཉིས་སྐོར་གཙོ་བོ་ཤོད་ཀྱི་ཡོད། མི་ཚང་མས་མི་ཚེ་ཞི་བདེ་ལྡན་པ་ཞིག་འདོད་ཀྱི་ཡོད་པ་ལྟར་མི་ཚེ་ཞི་བདེའི་ཐོག་ནས་བསྐྱལ་རྒྱུའི་ཐོབ་ཐང་ཡང་ཡོད། དེང་སྐབས་མི་ཚོས་ཕྱི་དངོས་པོའི་ཡར་རྒྱས་ཁོ་ནར་གཙོ་བོར་འཛིན་བཞིན་ཡོད། བདེ་སྐྱིད་ངོ་མ་དེ་སེམས་ལ་ཐུག་ཡོད། ང་ཚོ་ཐོག་མར་སྐྱེས་པ་ནས་བཟུང་བྱམས་བརྩེ་ལ་རྟེན་ནས་འཚོ་དགོས། ཕ་མ་གཉིས་དང་ལྷག་པར་མའི་བྱམས་བརྩེའི་འོག་འཚོ་བའི་མི་ཚེའི་ཉམས་མྱོང་དེ་སོ་སོའི་མི་ཚེའི་ཧྲིལ་པོའི་རིང་གནས་ཀྱི་ཡོད། དེར་བརྟེན་ངོས་ལ་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་རྒྱུའི་འདུན་པ་ཡོད། ཅེས་བཀའ་སློབ་སྩལ་རྗེས་ཆོས་ལུགས་མཐུན་སྒྲིལ་སྐོར་བཀའ་སློབ་སྩལ་དོན།
ཆོས་ལུགས་གཙོ་ཆེ་བ་ཚང་མས་བྱམས་པ་དང་བརྩེ་བ། བཟོད་བསྲན་སོགས་ཀྱི་བསླབ་བྱ་གསུངས་ཡོད། དེར་བརྟེན་ཆོས་ལུགས་ཕན་ཚུན་དབར་བསམ་ཤེས་ཐོག་ནས་གུས་བརྩི་ཞུ་དགོས་པ་ཆགས་ཡོད། གསར་འགོད་པ་ཚོར་ཡང་མང་ཚོགས་ལ་གནད་དོན་དེ་དག་སྐོར་གོ་རྟོགས་སྤེལ་རྒྱུའི་འགན་ཡོད། མཚམས་རེ་གསར་འགོད་པ་ཚོས་གནས་ཚུལ་ཛ་དྲག་པོ་བཟོ་རྒྱུའི་འདུན་པ་ཡོད་པ་དེ་ལྟར་ནའང། མི་མང་ཚོར་བཟང་ཕྱོགས་ཀྱི་གནས་ཚུལ་སྤེལ་ནས་ཡིད་ཆེས་དང་རེ་བ་སྐྲུན་རྒྱུའི་གནས་ཚུལ་རིགས་དྲིལ་བསྒྲགས་བྱ་རྒྱུའི་འགན་ཡང་ཡོད། ངོས་ཀྱིས་རྒྱུན་ལྡན་གསར་འགོད་པ་ཚོར་གླང་པོ་ཆེའི་སྣ་ལྟར་གནས་ཚུལ་ངོ་མདོང་ཙམ་ལ་ཆ་མ་བཞག་པར་རྒྱབ་མདུན་གནས་ཚུལ་ཚང་མར་ཞིབ་ཚགས་སྤྱད་ནས་སྦས་གསང་མེད་པར་དྲིལ་བསྒྲགས་དགོས་རྒྱུ་ཧ་ཅང་གལ་ཆེ་ཡིན་པ་བརྗོད་བཞིན་ཡོད། ཅེས་བཀའ་སློབ་སྩལ་རྗེས་གསར་འགོད་པའི་དྲི་བར་བཀའ་ལན་སྩལ།
སྤྱིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷོ་ཨ་རིའི་མེཀ་སི་ཁོ་ཁུལ་དུ་ཆིབས་སྒྱུར་ཐེངས་བཞི་པ་ཆགས་ཡོད། ཐེངས་འདིའི་མཛད་འཆར་དེ་བཞིན་ཕྱི་ཚེས་ ༡༢ ནས་དབུ་འཛུགས་ཀྱིས་ཉིན་གྲངས་གསུམ་རིང་མང་ཚོགས་ལ་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་ཆོས་འབྲེལ་དང་། དེ་བཞིན་ཁུལ་དེའི་སློབ་ཕྲུག་ཁག་གཅིག་ལ་དེང་དུས་ཤེས་ཡོན་ནང་བཟང་སྤྱོད་ཀྱི་རིན་ཐང་སྐོར་དང་འབྲེལ་བའི་ལམ་སྟོན་བཀའ་སློབ་སོགས་སྩལ་རྒྱུའི་མཛད་འཆར་ཡོད་འདུག་པ་བཅས།།