༢༠༡༣ ཟླ་ ༡༠ ཚེས་ ༨ རེས་གཟའ་མིག་དམར།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་ནང་རྟེན་གཞི་བྱས་པའི་(Emory University)ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དང་བོད་དོན་མཐུན་ཚོགས་ནས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་ཟབ་མོ་ཐོབ་སྟེ་ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༧ ཉིན་རྒྱབ་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་ཆགས་ཡུལ་གྱི་གྲོང་ཁྱེར་ (Atlanta) ཨེ་ཊ་ལན་ཊར་༸ཞབས་སོར་འཁོད་སྐབས་དབུ་དགེ་དང་གནད་ཡོད་མི་སོགས་ཀྱིས་དགའ་དད་སྤྲོ་གསུམ་སྒོ་ནས་ཕེབས་བསུ་གཟབ་རྒྱས་ཞུས་འདུག
དེ་ཡང་མགོན་པོ་གང་ཉིད་མཆོག་གིས་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དུ་ཚན་རིག་དང་བྱམས་བརྩེ་ལྟ་གྲུབ་སྐོར་ལ་བགྲོ་གླེང་། དེ་བཞིན་ནང་ཆོས་དང་ཚན་རིག་ཟུང་འབྲེལ་ཐོག་ནས་སློབ་གསོ་སྤྲོད་ཕྱོགས་སྐོར། ལྷག་པར་མང་ཚོགས་ལ་ཆོས་དང་མ་འདྲེས་པའི་ཐོག་ནས་ཡ་རབས་བཟང་སྤྱོད་གོང་འཕེལ་གཏོང་ཕྱོགས་སྐོར་ལ་བཀའ་སློབ་སྩལ་རྒྱུ་ཡིན་འདུག ཕྱི་ཚེས་ ༨ ཉིན་རྒྱབ་ཤེས་རིག་དང་སློབ་གསོའི་ཐོག་ཕྱག་ལས་གནང་མཁན་གྱི་མཁས་པ་མང་དག་ཅིག་དང་ལྷན་ཤེས་ཡོན་སློབ་སྦྱོང་སྤྲོད་ཕྱོགས་ནང་ཆོས་ལུགས་དང་མ་འདྲེས་པའི་ཐོག་ནས་ཡ་རབས་སྤྱོད་བཟང་གི་ཐབས་ལམ་བསྟེན་ཚུལ་སྐོར་ལ་བགྲོ་གླེང་མཛད་རྒྱུ་དང་། ཕྱི་ཚེས་ ༩ ཉིན་གཙུག་ལག་སློབ་གྲྭ་ཆེན་མོ་དེའི་ནང་མང་ཚོགས་ལ་ཆོས་ལུགས་དང་མ་འདྲེས་པའི་སྒོ་ནས་ཡ་རབས་སྤྱོད་བཟང་གོང་འཕེལ་གཏོང་སྟངས་སྐོར་དང་བགྲོ་གླེང་དུ་དབུ་བཞུགས་མཛད་རྒྱུ་ཡིན་འདུག
ཕྱི་ཚེས་ ༩ ཉིན་གྱི་སྔ་དྲོ་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་ཆེས་ཁྱད་དུ་འཕགས་པའི་སློབ་དཔོན་གྱི་མཚན་གནས་རྗེས་འབྲེལ་གྱི་ཐོག་ནས་དགེ་ལས་སློབ་མ་རྣམས་ལ་ཆོས་ལུགས་དང་མ་འདྲེས་པའི་ཐོག་ནས་ཡ་རབས་སྤྱོད་བཟང་གོང་འཕེལ་གཏོང་སྟངས་སྐོར་བཀའ་སློབ་སྩལ་རྒྱུ་དང་། ཕྱི་ཚེས་ ༡༠ ཉིན་དེར་འདུས་མི་དམངས་སོགས་ལ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་དགེ་ལྡན་ཕྱག་རྒྱ་ཆེན་མོའི་ཆོས་འབྲེལ་སྩལ་རྒྱུ་ཡིན་འདུག་པ་བཅས། །