༢༠༡༣ ཟླ་ ༡༠ ཚེས་ ༢༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༢༣ ཉིན་རྡ་སྟེང་བོད་ཁྱིམ་དབུ་བརྙེས་ཏེ་མི་ལོ་ ༥༣ འཁོར་བའི་དུས་ཆེན་སྲུང་བརྩིའི་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྡ་སྟེང་བོད་ཁྱིམ་དབུ་བརྙེས་པའི་ཉིན་མོ་དང་རྩེད་འགྲན་ཉིན་མོར་འཚམས་འདྲི་གནང་བ་དང་ཆབས་ཅིག་གསུང་བཤད་གནང་དོན། དེ་རིང་ངས་བཀའ་ཤག་གི་ཚབ་ཞུས་ཏེ་དང་པོ་བོད་ཁྱིམ་སྐོར་དང། གཉིས་པ་ཤེས་ཡོན་གལ་ཆེན་པོ་ཡིན་པ། གསུམ་པ་བོད་ནང་གི་གནས་སྟངས་གཙོ་བོ་དབུ་མའི་ལམ་གཞིར་བཞག་ཐོག་ནས་གནད་དོན་ཁ་ཤས་ཤིག་ཞུས་ན་བསམ་བྱུང། ད་ལྟ་བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་གྱི་གསུངས་པ་ལྟར། ཕྱི་ལོ་ ༡༩༦༠ ཟླ་ ༥ ཚེས་ ༡༧ ཉིན་ཇམ་མུ་ཁུལ་དུ་ལམ་བཟོ་གནང་མཁན་ནང་ནས་བོད་ཕྲུག་ ༥༡ འབྱོར་བ་རྣམས་ལ་བུ་བཅོལ་ཁང་ཞིག་བཙུགས་པ་རེད། ༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ལྟར་སྐབས་དེར་སྐུ་སྒེར་ཡིག་ཚང་གིས་མཐུན་འགྱུར་གནང་བའི་ཐོག་ནས་སྐུའི་གཅེན་མོ་དམ་པ་ཚེ་རིང་སྒྲོལ་མ་ལགས་ནས་ཐུགས་འཁུར་བཞེས་གནང་ཡོད། དེ་རྗེས་བཀའ་ཟུར་རྗེ་བཙུན་པདྨ་ལགས་ཀྱིས་འགན་འཁུར་སྣེ་ཁྲིད་འོག་བོད་ཁྱིམ་འདི་བཞིན་ཡར་རྒྱས་ཧ་ཅང་ཕྱིན་ཡོད། དེ་བཞིན་ཉེ་ཆར་གསར་གཏོད་ཀྱི་ཐོག་ནས་སྦེང་ལོར་ཁུལ་དུ་མཐོ་སློབ་དང་། སེ་ལ་ཀུར་སློབ་གྲྭ་འཛུགས་རྒྱུ་སོགས་བོད་ཁྱིམ་གྱི་དཔལ་འབྱོར་གནས་སྟངས་རང་ཁ་རང་གསོ་ཆགས་ཡོད། དེ་དང་ཆབས་ཅིག་དགེ་ལས་རྣམ་པ་དང། ཕ་ཚབ་མ་ཚབ་རྣམ་པ། དམིགས་བསལ་ལས་བྱེད་དང་ཕ་ཚབ་མ་ཚབ་ཟུར་པ་རྣམ་པ་ཚོ་ཚང་མས་སྐུ་ལས་སྐྱོན་ནས་ད་ལྟའི་ཆར་བོད་ཁྱིམ་ཁྱབ་ཁོངས་མ་ལག་དང་བཅས་པ་ཡོངས་སུ་རྫོགས་པ་བཙན་བྱོལ་ནང་ཤེས་ཡོན་དང་འབྲེལ་བའི་བསྟི་གནས་གལ་ཆེ་ཤོས་ཤིག་ཆགས་ཡོད།
འདི་ནས་ཐོན་པའི་སློབ་ཕྲུག་ཁྲི་བཞི་ཙམ་བྱུང་ཡོད་ཁོངས་ནས་ཁོང་ཚོ་འཛམ་གླིང་ཁྱོན་ཡོངས་ལ་ཕེབས་ཏེ་སྤྱི་ཚོགས་ནང་ཞབས་ཕྱི་ཞུ་མཁན་དང་། འགོ་ཁྲིད། འགན་མཁྱེར་མཁན་ཆགས་ཡོད། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་ནང་འགན་འཁྱེར་མཁན་ཆགས་ཡོད། བོད་མིའི་སྒྲིག་འཛུགས་ནང་སྤྱི་འཐུས་དང་སྲི་ཞུ་བའི་ཁོངས་སུ་བོད་ཁྱིམ་གྱི་སློབ་ཟུར་མང་དག་གཅིག་ཡོད། དཔེར་ན། སྲི་ཞུ་བ་ས་མིག་ ༦༡༦ ཡོད་ཁོངས་ནས་ ༡༩༤ བོད་ཁྱིམ་སློབ་ཟུར་ཆགས་ཡོད། འདས་པའི་ལོ་གཉིས་ཙམ་ནང་སྲི་ཞུ་བའི་ཁོངས་འཛུལ་བཞུགས་གནང་མཁན་ ༥༦ བྱུང་ཁོངས་ནས་ ༣༥ བོད་ཁྱིམ་ནས་ཡིན་པ་དང་། དེ་བརྒྱ་ཆར་ཕབ་ན་དྲུག་ཅུ་ལྷག་བོད་ཁྱིམ་ཀྱི་སློབ་ཟུར་ཆགས་འདུག དེར་བརྟེན་ངས་བསྔགས་བརྗོད་ཞུ་རྒྱུ་ཡིན། ཞེས་གསུངས་རྗེས་སྲིད་སྐྱོང་མཆོག་གིས་ཤེས་ཡོན་གལ་ཆེ་སྐོར་གསུང་བཤད་གནང་དོན།
བོད་ཁྱིམ་འདི་བཙུགས་དགོས་དོན་༸གོང་ས་མཆོག་གི་དགོངས་པ་གཞིར་བཟུང་ཤེས་ཡོན་གཙོ་བོར་གཞིར་བཞག་ཐོག་ནས་བཙུགས་པ་ཞིག་ཡིན་པ་དང། དེ་བཞིན་༸གོང་ས་མཆོག་གི་ཤེས་ཡོན་གལ་ཆེ་ཡིན་སྐོར་གྱི་བཀའ་སློབ་རབ་དང་རིམ་པ་ཕེབས་ཡོད། དཔེར་ན། ཕྱི་ལོ་ ༢༠༠༨ ལོར་བོད་ཁྱིམ་དབུ་བརྙེས་ནས་མི་ལོ་ ༤༨ འཁོར་བའི་དུས་ཆེན་སྐབས་སྡིངས་ཆ་འདིར་༸གོང་ས་མཆོག་གིས་བཀའ་སློབ་གང་སྩལ་ཡོད་ཅེ་ན། ཐོག་མའི་ལོ་ ༢༠ ང་ཚོས་རྐང་པ་འཛུགས་ཐབས་བྱས་པ་དང། དེ་རྗེས་ལོ་ ༣༠ མ་ཟིན་ཙམ་རིང་ང་ཚོས་ཡར་རྒྱས་དང་ཚགས་ཚུད་དུ་གཏོང་རྒྱུའི་ལས་ཀ་དེ་དག་ཡག་པོ་ཞིག་བྱུང་ཨེ་ཡོད་བསམས་ཀྱི་འདུག་ཅེས་བཀའ་སློབ་ཕེབས་ཡོད། སྤྱི་ཡོངས་ཤེས་ཡོན་སྐོར་རེད། དང་པོ་ལོ་ ༢༠ དེ་རྐང་པ་འཛུགས་རྒྱུར་འགོར་བ་རེད། འོན་ཀྱང་ལོ་ ༣༠ རིང་ཤེས་ཡོན་ཐོག་ཡར་རྒྱས་དེ་ཙམ་ཕྱིན་ཨ་ཡོད་དགོངས་ཀྱི་འདུག་ཅེས་བཀའ་སློབ་ཕེབས་ཡོད་པ་མ་ཟད། དེ་རྗེས་དམིགས་བསལ་ཚོགས་ཆེན་སྐབས་སྤྱི་དམངས་ལ་བཀའ་སློབ་ཕེབས་དོན།
བུ་ཕྲུག་ནང་སློབ་ཐོན་ལག་འཁྱེར་ཡོད་པ་ཁོ་ནའི་འགྲིག་གི་མི་འདུག རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་ཐོན་དགོས་ཀྱི་འདུག ཅེས་འབོད་སྐུལ་རིམ་པ་བྱས་པ་ཡིན། དེ་ལྟར་འབོད་སྐུལ་བྱས་ནས་ད་བར་ལོ་ ༣༠ ཕྱིན་སོང་། འབོད་སྐུལ་བྱས་པ་ལྟར་གྱི་གྲུབ་འབྲས་ཡག་པོ་ཞིག་ཐོན་སོང་བསམས་པ་དྲན་གྱི་མི་འདུག ཅེས་ཕྱི་ལོ་ ༢༠༠༨ ལོར་བཀའ་སློབ་ཕེབས་ཡོད། བཀའ་སློབ་འདི་གཙོ་བོ་གཞིར་བཞག་ཐོག་ནས་བཀའ་ཤག་གི་ངོས་ནས་ཀྱང་ཤེས་ཡོན་གལ་ཆེ་ཤོས་ཤིག་ལ་ངོས་འཛིན་བྱེད་བཞིན་ཡོད། ང་རང་སྒེར་གྱི་ངོས་ནས་ཆ་བཞག་ནའང་ཤེས་རིག་གི་འགན་འཁྱེར་དགོས་དོན་དེ་ཡང་གཞི་རྩའི་ཤེས་འཇོན་གཉིས་ཀ་དེ་ཙམ་གང་ཡང་མེད་ནའང་ཞབས་ཕྱི་ཕྲ་ལ་ཕྲན་བུ་ཞིག་ཞུ་ཐུབ་ཡོང་བསམས་པའི་ཐོག་ནས་འབད་བརྩོན་བྱས་དང་བྱེད་མུས་ཡིན། གང་ཡིན་ཞེ་ན་ཤེས་ཡོན་དེ་ཕྲལ་ཕུགས་རྒྱང་གསུམ་དང་། མི་སྒེར་དང་། ནང་མི། དེ་བཞིན་སྤྱི་པའི་རྩ་དོན་ཆེད་ཕན་ཐོགས་ཡོད་པ་ཞིག་ཡིན་པར་བརྟེན། འཛམ་གླིང་སྤྱི་ཡོངས་ནས་མོས་མཐུན་བྱེད་བཞིན་ཡོད་པ་ལྟར། ང་ཚོའི་སྤྱི་ཚོགས་ནང་ལའང་མོས་མཐུན་ཏན་ཏན་ཡོད་རེད་དྲན་གྱི་འདུག
འོན་ཀྱང་སྟབས་ལེགས་པ་ཞིག་ལ་ཉེ་བའི་ཆར་ང་ཚོའི་སྤྱི་ཚོགས་ནང་ཤེས་ཡོན་དེ་གལ་ཆེན་པོ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་དང། དེ་བཞིན་ཕ་མ་དང་སློབ་ཕྲུག་གི་ངོས་ནས་ཀྱང་འབད་བརྩོན་དམིགས་བསལ་གནང་གི་ཡོད་པ་མ་ཟད། དགེ་ལས་རྣམ་པའི་ངོས་ནས་ཀྱང་དམིགས་བསལ་གྱི་འགན་འཁྱེར་གྱི་ཡོད་པའི་རྣམ་པ་འདུག དཔེར་ན། ན་ནིང་ལོར་བོད་པའི་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་ནང་བརྒྱ་ཆ་ ༩༠ ཡན་ལོན་མཁན་སློབ་ཕྲུག་ ༤ བྱུང་ཡོད་པ་དང་། འདི་ལོར་སློབ་ཕྲུག་ ༡༣ བྱུང་ཡོད། ན་ནིང་ལོར་བརྒྱ་ཆ་ ༧༠ ནས་ ༧༥ ལོན་མཁན་ ༢༤༢ བྱུང་ཡོད་པ་དང་། འདི་ལོ་ ༣༤༥ བྱུང་ཡོད། ད་བར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་བརྒྱ་ཆ་ ༩༥ ལོན་མཁན་བྱུང་མེད། འདི་ལོ་མ་སུ་རི་བོད་ཁྱིམ་གྱི་སློབ་ཕྲུག་གཅིག་གིས་བརྒྱ་ཆ་ ༩༥།༤ ལྷག་ལོན་ཐུབ་པ་བྱུང་ཡོད། དེས་ག་རེ་མཚོན་གྱི་ཡོད་རེད་ཅེ་ན། ༸གོང་ས་མཆོག་གི་བཀའ་སློབ་ཕེབས་པ་ནས་བཟུང་སྤྱི་ཚོགས་ནང་ཕ་མ་དང་སྤུན་མཆེད། ནང་མི། སློབ་ཕྲུག དགེ་ལས་བཅས་སྤྱི་ཡོངས་ནས་ཤེས་ཡོན་ཐོག་འབད་བརྩོན་གནང་གི་ཡོད་པ་དང་། འབད་བརྩོན་གནང་བ་གཞིར་བཟུང་འབྲས་བུ་སྨིན་གྱི་ཡོད་པ་ཧ་ཅང་གསལ་པོ་རེད།
དེ་བཞིན་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་ལོ་བཅུ་ཙམ་གྱི་སྔོན་ལ་མཐོ་སློབ་སློབ་ཡོན་ཆེད་ཧིན་སྒོར་འབུམ་ ༦༨ ཙམ་གནང་གི་འདུག འདི་ལོར་འབུམ་ ༤༠༠ མན་ཙམ་གནང་གི་ཡོད། དེའི་ནང་ནས་རིགས་གཅིག་རྐང་འཛིན་(M.A, M.Phil,Ph.D) དེ་དག་གི་ཐོག་སློབ་གཉེར་གནང་མཁན་སློབ་ཕྲུག་ ༧༠ ཙམ་འདུག ཁོང་ཚོ་ཚང་མར་ཤེས་རིག་ལས་ཁུངས་ཀྱིས་སློབ་ཡོན་གནང་བཞིན་ཡོད། ༸གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་རིག་གཅིག་རྐང་འཛིན་མང་པོ་ཞིག་ཐོན་དགོས་ཀྱི་ཡོད་པར་བརྟེན། ཤེས་རིག་ལས་ཁུངས་ཀྱི་ངོས་ནས་འབད་བརྩོན་བྱེད་བཞིན་ཡོད། ༸གོང་ས་མཆོག་གི་བཀའ་དགོངས་བཞིན་ང་ཚོས་འབད་བརྩོན་བྱེད་ན་རིགས་གཅིག་རྐང་དེ་ལས་མང་བ་འཐོན་ཐུབ་ཀྱི་རེད་ཅེས་ཞུ་རྒྱུ་ཡིན། བོད་ཀྱི་ལོ་རྒྱུས་ནང་གཟིགས་ན་བསམ་ཡུལ་ལས་འདས་པའི་སྐྱེ་ཆེན་དམ་གྲངས་མེད་ཐོན་ཡོད། ཁོང་རྣམ་པའི་བཀའ་དྲིན་ལ་བརྟེན་ནས་འཛམ་གླིང་སྤྱི་ཡོངས་ནང་ནང་ཆོས་དང་། བོད་པའི་རིག་གཞུང་དང་སྐད་ཡིག་ལ་དོ་སྣང་གནང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།