༢༠༡༣ ཟླ་ ༡༠ ཚེས་ ༢༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༢༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་སྤྱི་འཐུས་པདྨ་འབྱུང་གནས་ལགས། སིམ་ལ་ས་གནས་འགོ་འཛིན་ཚེ་རིང་བཀྲ་ཤིས་ལགས་བཅས་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་བྷི་རི་བྷི་ཧ་རི་ལལ་བྷུ་ཊེལ་ (Shri Brij Bihari Lal Butail ji) མཆོག་མཇལ་འཕྲད་གནང་ཡོད། སྐབས་དེར་བོད་མིའི་སྐུ་ཚབ་རྣམ་པས་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་ལ་འཚམས་འདྲིའི་མཇལ་དར་ཕུལ་བ་བརྒྱུད་ཧི་མཱ་ཅལ་མངའ་སྡེ་གྲོས་ཚོགས་བཙུགས་ནས་ལོ་ ༥༠ འཁོར་བར་འཚམས་འདྲི་ཞུས་ཡོད། སྐབས་དེར་ཁོང་རྣམ་པས་ཧི་མཱ་ཅལ་མངའ་སྡེ་གྲོས་ཚོགས་ཀྱི་དགུན་དུས་གྲོས་ཚོགས་དབུ་འབྱེད་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་སྩལ་རྒྱུའི་གནད་དོན་ཐོག་གྲོས་བསྡུར་ལྷུག་པོ་གནང་བ་མ་ཟད།
སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་མངའ་སྡེ་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་ལ་ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༢ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་གསར་པ་དབུ་འབྱེད་གནང་བར་ཕེབས་རོགས་ཞེས་འབོད་སྐུལ་ཡང་ཞུས་ཡོད་པར་མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་མཆོག་གིས་དེ་ལྟར་གནང་རྒྱུའི་ཁས་ལེན་གནང་།
ཕྱོགས་མཚུངས་སྐབས་དེར་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཧི་མཱ་ཅལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་བསྐྱར་གསོ་གནང་རྒྱུ་དང་། ཕ་རན་སིའི་གྲོང་ཁྱེར་སི་ཊར་སི་བྷག་ཏུ་འབྱུང་འགྱུར་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་སྐོར། གཞན་ཡང་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་དགུན་དུས་ཚོགས་འདུ་རྡ་སར་འཚོག་རྒྱུ་ཡིན་པ་དང་སྟབས་བསྟུན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གསོལ་ཚིགས་མགྲོན་འབོད་ཞུ་རྒྱུའི་ལས་འཆར་གོ་རིམ་སྒྲིག་པ་རྣམས་གསལ་བཤད་ཞུས་པ་མ་ཟད། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་ཞུས།