༢༠༡༣ ཟླ་ ༡༠ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༤ ཉིན་བཏང་གནས་ནང་འཁོད་དོན། འདི་གར་ཁུངས་ལྡན་གནས་ཚུལ་ངོ་སྤྲོད་བྱུང་བར་གཞིར་བྱས་ན། ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༡༠ ཉིན་འབྲི་རུ་རྫོང་དུ། བོད་རང་སྐྱོང་ལྗོངས་དང་ནག་ཆུ་ས་གནས་ད་དུང་ས་གནས་གཞན་ཁག་བཅས་ནས་རྒྱ་གཞུང་གི་ལས་བྱེད་ ༡༨༠༠༠ ལྷག་ཙམ་སླེབས་ཏེ། བོད་མི་རྣམས་ལ་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་དང་། རྒྱ་ནག་གི་རྒྱལ་དར་ཁང་ཐོག་ལ་སྒྲེང་འཛུགས་དགོས་པའི་བཙན་བཀའ་བཏང་བ། བསམ་བློའི་སློབ་གསོ་བརྒྱབ་པ་སོགས་ལ་མང་ཚོགས་ཀྱིས་དང་ལེན་མ་བྱས་པར་བརྟེན། མི་མང་དང་ལས་བྱེད་ཚོའི་དབར་མི་མཐུན་པའི་འགལ་ཟླ་འགོ་ཚུགས་ཡོད་འདུག ཟླ་ ༩ ཚེས་ ༢༨ ཉིན་རྒྱ་གཞུང་གིས་བཙན་ཤེད་ཀྱིས་རྒྱལ་དར་འཛུགས་དགོས་པའི་བཀའ་ཕབ་པ་དང་། ཡུལ་དེའི་མོ་བ་གྲོང་ཚོའི་གྲོང་མི་རྣམས་ཀྱིས་མི་འདོད་པའི་རྣམ་འགྱུར་བསྟན་པ་མ་ཟད་དར་དམར་ཚང་མ་ཆུ་ལ་གཡུག་ཡོད་འདུག དེ་མ་ཐག་སྲིད་གཞུང་གིས་ཉེན་རྟོག་པ་དང་དམག་མི་འབོར་ཆེན་བཏང་ནས་མི་མང་ལ་དྲག་གནོན་བྱས་པར་བརྟེན། མང་ཚོགས་དང་དམག་མིའི་དབར་གདོང་ཐུག་བྱུང་ནས་དུས་ཡུན་ཆུ་ཚོད་གསུམ་རིང་ཕན་ཚུན་རྡོ་དང་མེ་མདའི་དྲག་འཐབ་བྱུང་འདུག མཐར་མོ་བ་གྲོང་ཚོ་དང་སྨོན་ཆེན་གྲོང་ཚོ་ཚང་མ་དམག་གིས་བསྐོར་ཡོད་འདུག་པ་དང་། ཉེ་འགྲམ་དུ་ཡོད་པའི་སྟག་ལྷས་གྲོང་དང་། བ་རོ། སྣེ་ཤོད། ཕྲ་རིང་བཅས་ནས་མི་མང་ལ་དྲག་གནོན་མ་བྱེད་རོགས་ཞེས་འབོད་སྐུལ་ཞུ་མཁན་བོད་མི་བཞི་བཅུ་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་འདུག
ད་དུང་རྒྱ་ནག་གཞུང་གིས་མང་ཚོགས་ནང་གནས་ཚུལ་བཟོ་མཁན་དང་ངོ་རྒོལ་བྱེད་མཁན་ཞེས་ཟེར་ནས། ཁོང་རྣམས་ཀྱི་ཕྲུ་གུ་སློབ་གྲྭར་འགྲོ་མི་ཆོག་པ་དང་། ནད་པ་སྨན་ཁང་དུ་སྨན་བཅོས་བྱེད་མི་ཆོག་པ། རྗེས་སུ་དབྱར་རྩྭ་དགུན་འབུ་བརྐོ་བར་འགྲོ་མི་ཆོག་པ། སློབ་གྲྭར་ཡོད་པའི་སློབ་ཕྲུག་ཕྱིར་འཕུད་གཏོང་གི་ཡིན་ཞེས་སོགས་འཇིགས་སྐུལ་བྱས་པས། ས་གནས་དེ་གའི་སློབ་མ་མང་པོ་སློབ་གྲྭ་ནས་ཐོན་ནས་སོ་སོའི་ནང་ལ་ལོག་ཡོད་འདུག ཟླ་དེའི་ཚེས་ ༢༨ དགོང་མོའི་ཆུ་ཚོད་ ༧ ཙམ་ནས་རྫོང་སྲིད་གཞུང་གི་སྒོ་འགྲམ་དུ། བོད་མི་མང་ཚོགས་ ༡༠༠༠ ལྷག་ཙམ་གྱིས་ཆུ་ཚོད་ཉེར་བཞིའི་རིང་ཉལ་ནས་ཟས་བཅད་ཞི་རྒོལ་གྱི་ལས་འགུལ་སྤེལ་འདུག ངོ་རྒོལ་བྱེད་མཁན་ནང་ཟླ་བ་གཉིས་ལས་མ་ཕྱིན་པའི་བྱིས་པ་ཁྱེར་ནས་ཡོང་མཁན་ཡང་ཡོད་འདུག་པ་དང་། དེ་བཞིན་ལོ་ན་རྒན་ཤོས་ལོ་ ༨༣ སླེབས་པའང་ཡོད་འདུག དེའི་མཚན་མོ་རང་ལ་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཝུ་དབྱིང་ཅིས་དང་ས་གནས་དབུ་ཁྲིད་རྡོ་ཐོགས་བཅས་སླེབས་ནས་འཛིན་བཟུང་བྱས་པའི་མི་སྣ་བཞི་བཅུ་དེ་གློད་གྲོལ་བཏང་ཡོད་འདུག་ཀྱང་། མི་སྣ་ ༤༠ དེ་དག་གི་མགོ་ལུས་ཡོངས་རྫོགས་ལ་ལྕགས་དབྱུག་གཞུས་ནས་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག
དེ་བཞིན་མོ་བ་གྲོང་དུ་དམག་སྒར་ཆེ་བ་གཅིག་དང་། སྨོན་ཆེན། ཕྲ་རིང་བཅས་ལ་དམག་སྒར་ཆུང་བ་ཁག་གཅིག་དང་ཞིབ་བཤེར་ས་ཚུགས་ཁག་ ༦ ཙམ་བརྒྱབ་སྟེ་དམ་དྲག་བྱས་ཡོད་འདུག དེང་སྐབས་ཉེན་རྟོག་པས་བོད་མི་མང་པོ་ཞིག་ཉིན་རེ་བཞིན་འཛིན་བཟུང་བཙོན་འཇུག་བྱེད་བཞིན་ཡོད་འདུག་ཀྱང་། ཁ་པར་དང་བརྡ་འཕྲིན་གྱི་བརྒྱུད་ལམ་ཡོངས་རྫོགས་བཀག་པས་འཛིན་བཟུང་བྱས་པའི་མི་དེ་དག་ལ་མནར་གཅོད་གང་འདྲ་གཏོང་གི་ཡོད་མེད་ཤེས་རྟོགས་ཐུབ་ཀྱི་མེད་པ་དང་། གྲོང་པ་ཁག་གཅིག་གི་མི་ཚང་རེ་རེའི་སྒོ་ཁར་དམག་མི་བདུན་ནས་བཅུའི་བར་ཉིན་མཚན་རེས་མོས་བཞིན་སྡོད་བཞིན་འདུག་ཟེར། ད་དུང་དེང་སྐབས་ཁམས་འབྲི་རུ་རྫོང་དུ་རིག་གནས་གསར་བརྗེ་ཆེན་མོའི་ལས་འགུལ་སླར་ཡང་སླེབས་པ་འདྲ་བོ་འདུག་ཅེས་ས་གནས་ནས་འགྲེལ་བརྗོད་གནང་ཡོད་འདུག
རྒྱ་ནག་གཞུང་གིས་དུས་རྟག་ཏུ་འཆམ་མཐུན་དང་བརྟན་ལྷིང་ཟེར་བ་སོགས་འཛམ་གླིང་ཁྱོན་ལ་དྲིལ་བསྒྲགས་བྱེད་བཞིན་ཡོད་རུང་། དོན་དངོས་ཐོག་རྒྱ་ནག་སྲིད་གཞུང་འོག་ཏུ་ཡོད་པའི་བོད་མི་ཚོར་འགྲོ་འདུག་གི་རང་དབང་མེད་པའི་ཐོག ཁྲིམས་དང་མཐུན་པའི་ཐོག་ལས་དོན་ཞུ་གཏུག་བྱེད་མཁན་ཚོར། སྲིད་གཞུང་ལ་རྙོག་གྲ་བཟོ་མཁན་དང་ངོ་རྒོལ་བྱེད་མཁན་ཞེས་མ་ཉེས་ཁག་གཡོག་གིས། ཕྲུ་གུ་སློབ་འཇུག་མི་ཆོག་པ་དང་ནད་པ་སྨན་ཁང་དུ་སྨན་བཅོས་བྱེད་མི་ཆོག་པ། བོད་མི་ཚོའི་འཚོ་བའི་ཡོང་སྒོ་ཆེ་ཤོས་དབྱར་རྩྭ་དགུན་འབུ་བརྐོ་བར་འགྲོ་མི་ཆོག་པ། སློབ་གྲྭར་འགྲིམས་བཞིན་པའི་སློབ་ཕྲུག་ཕྱིར་འཕུད་གཏོང་གི་ཡིན་ཞེས་སོགས་འཇིགས་སྐུལ་བྱས་པ་སོགས་ནི། རྒྱ་ནག་གཞུང་གིས་མི་རིགས་དབྱེ་འབྱེད་དང་མི་རིགས་ལ་མཐོང་ཆུང་། ཆེད་དུ་བོད་མི་ཚོ་རྩ་མེད་གཏོང་ཐབས་དང་། རྒྱ་ནག་གཞུང་གིས་བོད་མི་མང་ཚོགས་ཁྲོད་དུ་ལྷིང་འཇགས་མི་ཡོང་བའི་ཐབས་ལམ་འཚོལ་ བ་ཞིག་ཡིན། རྒྱ་ནག་གཞུང་གིས་བོད་མི་མང་ཚོགས་ཀྱི་བསམ་བློའི་རང་དབང་ལ་ཏིལ་འབྲུ་ཙམ་ཡང་མ་ལྟོས་པར་གང་དྲན་དྲན་གྱིས། བཙོན་འཇུག་དང་གཅར་རྡུང་། གནར་གཅོད་སོགས་སྔོན་དུས་ཀྱི་རིག་གནས་གསར་བརྗེའི་སྐབས་ལྟར་ད་མུས་གནས་ན། བོད་མི་མང་ཚོགས་ཁྲོད་རང་ལུས་མེར་སྲེག་གིས་མཚོན། ལས་འགུལ་སྣ་ཚོགས་ཡོང་སྲིད་པས་འགན་ཡོངས་རྫོགས་རྒྱ་གཞུང་གིས་འཁྱེར་དགོས་པ་ནན་བརྗོད་བྱེད་རྒྱུ་ཡིན། དེ་བཞིན་རྒྱལ་སྤྱིའི་སྲིད་གཞུང་དང་ཚོགས་སྡེ། གང་ཟག་སྒེར་བཅས་ཚང་མས་བོད་ནང་གི་བོད་མི་ཚོའི་རང་དབང་དང་ཐོབ་ཐང་། བོད་མི་ཚོས་དམྱལ་བ་ས་སྟེང་དུ་འཕོས་པ་ལྟ་བུའི་སྡུག་བསྔལ་མྱོང་བཞིན་པ་རྣམས་མྱུར་དུ་སེལ་བར་བདེན་པའི་རྒྱབ་ལངས་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།