༢༠༡༣ ཟླ་ ༡༠ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༦ རེས་གཟའ་ཉི་མའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་དིལླཱིའི་ནང་རྟེན་གཞི་བྱས་པའི་གུར་གྷ་ཝོང་ Gurgaon དུ་གོ་ལའི་འཕྲོད་བསྟེན་ལྷན་ཚོགས་ Global Spa and Wellness Summit ནང་ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་སྩལ་ཡོད། དེ་ཡང་གོང་ཚེས་ཉིན་ཐོག་མར་མེག་སི་འཕྲོད་བསྟེན་ཚན་པའི་Max Healthcare འགན་འཛིན་དང་༸གོང་ས་མཆོག་གི་གྲོགས་པོ་སྐུ་ཞབས་ཨ་ནལ་ཇི་ཏི་སིངྒ་ Analjit Singh མཆོག་གིས་ས་གནས་དེར་ཕེབས་བསུ་གཟབ་རྒྱས་ཐོག་ཚོགས་ཁང་དུ་གདན་ཞུས་གྲུབ་མཚམས་མང་ཚོགས་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས། དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། གཅེན་གཅུང་ཕོ་མོ་རྣམ་པར་ཐོག་མར་ངོས་ཀྱིས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ངོས་རང་དེ་རིང་འདིར་གྲོགས་པོ་རྙིང་པ་སྐུ་ཞབས་ཨལ་ཇི་ཏི་སིངྒ་མཆོག་གིས་མགྲོན་འབོད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཁྱེད་རྣམས་དང་མཇལ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་།
ང་ཚོ་ཚང་མ་འཛམ་གླིང་འདིའི་ནང་གི་འགྲོ་བ་མི་འཐེར་འབུམ་བདུན་ཡོད་པའི་ཆ་ཤས་ཤིག་ཆགས་ཡོད། ང་ཚོ་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཆགས་ཡོད་པ་མ་ཟད། བདེ་བ་བསྒྲུབ་རྒྱུའི་ཐོབ་ཐང་ཡང་ཚང་མར་ཡོད། ང་ཚོ་ཚང་མར་དཀའ་ངལ་ཡང་འདྲ་མིན་སྣ་ཚོགས་འཕྲད་བཞིན་ཡོད་པ་གཅིག་མཚུངས་ཆགས་ཡོད། ང་ཚོ་ཚང་མས་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་འདོད་ཀྱི་ཡོད། འོན་ཀྱང་ང་ཚོས་བདེ་སྐྱིད་དེ་ཕྱི་དངོས་པོའི་མཐུན་རྐྱེན་རྐྱང་པ་ལས་རག་ཐབས་བྱེད་བཞིན་ཡོད། ངོས་ཀྱིས་ཚན་རིག་པ་འགའ་ཤས་དང་སྐད་ཆ་ཤོད་སྐབས་ཁོང་ཚོས་ལུས་ཀྱི་འཕྲོད་བསྟེན་བདེ་ཐང་ཡོང་བར་སེམས་སྐྱིད་པོ་དགོས་རྒྱུ་ཧ་ཅང་གལ་ཆེ་ཡིན་པ་བརྗོད་ཀྱི་འདུག དེར་བརྟེན་ངོས་ཀྱིས་ལུས་པོའི་འཕྲོད་བསྟེན་སྟེང་བསམ་བློའི་འཕྲོད་བསྟེན་དགོས་རྒྱུ་གལ་ཆེ་ཡིན་པ་བརྗོད་བཞིན་ཡོད། ཅེས་བཀའ་སློབ་སྩལ་བ་དང་སྦྲགས། དེ་སྔ་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཉི་ཧོང་གི་གྲོང་ཁྱེར་ཧི་རོ་ཤི་མ་ Hiroshima དང་ན་ག་ས་ཀི་ Nagasaki གཉིས་ནང་རྡུལ་ཕྲན་མཚོན་ཆ་གཡུགས་པ་སོགས་ཧ་ཅང་འཇིགས་སྣང་སྐྱེས་དགོས་པའི་དྲག་སྤྱོད་ཀྱི་དམག་འཐབ་འོག་མི་གྲངས་ས་ཡ་མང་པོ་དམར་གསོད་བཏང་ཡོད་ཀྱང་། ད་ཆ་དུས་རབས་ ༢༡ སྐབས་འདིར་འཛམ་གླིང་མི་རྣམས་འཚེ་མེད་ཞི་བར་རྒྱབ་སྐྱོར་ཤུགས་ཆེ་བྱེད་བཞིན་ཡོད་པ་ནི་དེང་སྐབས་གོ་ལའི་ཚ་དྲོད་འཕེལ་བ་སོགས་རང་བྱུང་ཁོར་ཡུག་གི་འཇིག་པ་དང་མི་འབོར་འཕེལ་རྒྱས་ཚད་ལས་བརྒལ་བ་སོགས་ལ་གདོང་ལེན་བྱ་རྒྱུར་ཧ་ཅང་གལ་གནད་ཆགས་ཡོད། མི་འབོར་གྲངས་ཚད་ཧ་ཅང་འཕེལ་རྒྱས་ཕྱིན་པ་དེས་རང་བྱུང་མཐུན་སྐྱེས་མ་འདང་པའི་དཀའ་ངལ་བཟོ་རྒྱུ་ཡིན་སྐོར་སོགས་བཀའ་སློབ་སྩལ། གཞན་ཡང་༸གོང་ས་མཆོག་གིས་མུ་མཐུད་བཀའ་སློབ་སྩལ་དོན། ང་ཚོ་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཞིག་ཡིན་སྟབས། རང་ཉིད་ཙམ་མིན་པར་གཞན་གྱི་བདེ་སྡུག་ལའང་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་ཆགས་ཡོད།
དེ་ལྟར་བྱུང་བ་ཡིན་ན་གཞན་ལ་མགོ་སྐོར་བསླུ་བྲིད་དང་ཐུབ་ཚོད་ཤོད་རྒྱུ་སོགས་མི་ཡོང་། གཞན་དང་མཐུན་སྒྲིལ་ཐོག་ནས་བྱམས་བརྩེའི་བསམ་བློ་སྐྱེ་ཐུབ། མཐུན་སྒྲིལ་ཡོང་བར་ཡིད་ཆེས་དགོས། ཡིད་ཆེས་དེ་འགྲོ་བ་མིའི་བཟང་པོའི་རིན་ཐང་ཐོག་ནས་ཡོང་དགོས། དེར་ངོས་ཀྱི་ཆོས་ལུགས་རིས་མེད་ལ་རྟེན་པའི་བཟང་སྤྱོད་བརྗོད་བཞིན་ཡོད། སེམས་ཀྱི་ཞི་བདེ་དེ་སྨོན་ལམ་བརྒྱབ་ནས་སྒྲུབ་ཐབས་མེད། སེམས་ཀྱི་ཞི་བདེ་དེ་བསམ་བློར་སྦྱོང་བརྡར་སྤྲད་ནས་ཡོང་དགོས། ཞེས་སོགས་ཀྱི་བཀའ་སློབ་དང་མང་ཚོགས་ཀྱི་དྲི་བར་བཀའ་ལན་སྩལ། སྐབས་དེར་ཐོག་མར་སྡུག་བསྔལ་ཀུན་གྱི་རྩ་བ་ཆགས་སྡང་ཉོན་མོངས་པའི་སེམས་ལ་བཟོ་བཅོས་ཇི་ལྟར་གཏོང་དགོས་མིན་ཐོག་བཀའ་ལན་སྩལ་དོན། ཤེས་རབ་ཀྱི་བློ་གོང་མཐོར་བཏང་བ་བརྒྱུད་ཉོན་མོངས་པའི་བློ་དེ་རིམ་བཞིན་སེལ་ཐུབ་པ་དང་། ང་ཚོས་ངལ་གསོ་འདོད་དང་སེམས་ངལ་ལས་གྲོལ་ཆེད་ཐོག་མར་སེམས་ལྷོད་དལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དགོང་མོ་ཉལ་སྐབས་སེམས་ཁོང་ཁྲོའི་གཞན་དབང་དུ་སོང་བ་ཡིན་ན་ཕན་ཐོགས་མེད། བསམ་བློའི་འཕྲོད་བསྟེན་ཡར་རྒྱས་གཏོང་བར་བསམ་བློའི་ས་ཁྲ་ཞིག་དགོས། རྒྱ་གར་གྱི་གནའ་རབས་གཞུང་ནས་གསུངས་པའི་ཞི་གནས་དང་ལྷག་མཐོང་ཉམས་ལེན་དེ་དག་ཧ་ཅང་ཕན་ཐོགས་ཡོད།
ཅེས་བཀའ་ལན་སྩལ། དེ་རྗེས་༸གོང་ས་མཆོག་གི་སྐུ་ཚེའི་ནང་དུས་ཚོད་གལ་ཆེ་ཤོས་སྐོར་གྱི་དྲི་བར་བཀའ་ལན་སྩལ་དོན། ངོས་རང་ལོ་ ༡༦ སྐབས་རང་དབང་བརླགས་སོང་། རང་ལོ་ ༢༤ སྐབས་རྒྱལ་ཁབ་ཤོར་བ་རེད། སྤྱིར་བཏང་ངོས་རང་ལོ་ ༥ ཙམ་ནས་བྱིས་པ་གཞན་དང་འདྲ་བར་རྩེད་མོ་རྩེ་རྒྱུ་སོགས་བྱིས་པའི་ཐོབ་ཐང་བྲལ་བ་རེད། དེར་བརྟེན་ངོས་རང་གཞོན་དུས་སྐབས་ནས་དགེ་རྒན་དང་ལྷན་ཕོ་བྲང་པོ་ཏཱ་ལའི་ནང་མཚམས་སྡོད་བྱེད་མྱོང་ཡོད། སྐབས་དེར་ཕྱེད་ཡོལ་ལུག་རྫི་རྣམས་རྩྭ་ཐང་ནས་ཕྱིར་རང་ཁྱིམ་དུ་ལོག་སྐབས་གླུ་གཞས་གཏོང་བཞིན་འགྲོ་སྐབས་ངོས་རང་ཁོང་ཚོ་ལྟ་བུ་ཡིན་ན་སྙམ་པའི་ཡིད་སྨོན་སྐྱེས་མྱོང་། འོན་ཀྱང་ངོས་རང་ལོ་ ༡༣།༡༤ སྐབས་གཞི་ནས་ནང་ཆོས་ཉམས་ལེན་ལ་དོ་སྣང་བསླེབས་པ་རེད། དུས་ཚོད་དེ་ནི་ངོས་ཀྱི་མི་ཚེའི་ནང་ཧ་ཅང་གལ་ཆེའི་དུས་སྐབས་ཤིག་ཆགས་ཡོད། ཅེས་བཀའ་ལན་སྩལ། དེ་རྗེས་༸གོང་ས་མཆོག་གི་ཐུགས་དགོངས་གུ་དོག་པོ་དེ་འདྲ་རྩ་བ་ནས་མེད་པར་བློ་རྒྱ་ཡངས་ཤིང་། དུས་རྟག་ཏུ་ཐུགས་ལ་རེ་བའི་འཆར་སྣང་གི་ཁེང་བཞིན་པའི་རྣམ་པ་དེའི་རྒྱུ་མཚན་ཇི་ཡིན་གྱི་དྲི་བ་ཞུས་པར་བཀའ་ལན་སྩལ་དོན། ངོས་ཀྱི་འགྲོ་བ་མིའི་རྣམ་དཔྱོད་དང་སེམས་བཟང་པོ་བྱ་རྒྱུ་དེ་དག་རེ་བའི་འབྱུང་ཁུངས་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་སྐོར་བཀའ་ལན་སྩལ།
མཐར་༸གོང་ས་མཆོག་གིས་བོད་ཀྱི་རིག་གཞུང་དེར་ངོས་འཛིན་ཇི་ལྟར་མཛད་བཞིན་ཡོད་སྐོར་དྲི་བ་ཞུས་པར་༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། བོད་ཀྱི་རིག་གཞུང་འདི་འཚེ་མེད་ཞི་བ་ཞིག་ཡིན། རིག་གཞུང་འདི་བྱམས་བརྩེ་ལྡན་པའི་རིག་གཞུང་ཞིག་ཡིན། དེང་སྐབས་མི་མང་པོས་བོད་ཀྱི་རིག་གཞུང་ལ་ཡིད་སྨོན་བྱེད་བཞིན་ཡོད། ང་ཚོའི་རིག་གཞུང་གི་རིན་ཐང་དེ་དག་ཁུངས་གཏུག་ས་ན་ལེནྜ་ནས་དར་བའི་ནང་པ་སངས་རྒྱས་པའི་ཆོས་ལ་གཏུག་ཡོད། ང་ཚོ་བོད་མི་ཚོ་རྒྱ་གར་གྱི་དགེ་ཕྲུག་དང་རྒྱ་གར་ང་ཚོའི་དགེ་རྒན་ཆགས་ཡོད། འོན་ཀྱང་ནང་ཆོས་ཉམས་ལེན་ཐོག་ནས་བཤད་ན་དགེ་ཕྲུག་ཚོ་དགེ་རྒན་ལས་དོ་དབྱིངས་ཆེ་བ་ཡོད། ང་ཚོས་བོད་བརྒྱུད་ནང་བསྟན་ལ་ནང་ཆོས་ནས་གསུངས་པའི་ཚན་རིག་རྣམ་གཞག་དང་། ནང་ཆོས་ཀྱི་ལྟ་གྲུབ། དེ་བཞིན་ནང་ཆོས་ཉམས་ལེན་ཞེས་དབྱེ་འབྱེད་ཐུབ་པ་མ་ཟད། ནང་ཆོས་ནས་གསུངས་པའི་ཚན་རིག་གི་ཆ་དེ་དག་ནང་པ་ཙམ་མིན་པར་ཀུན་ལ་ཁྱབ་ཐུབ་པའི་རྣམ་གཞག་གཅིག་ཆགས་པར་བརྟེན། སུས་ཀྱང་དོ་སྣང་བྱེད་ཆོག་པ་དང་ཕན་ཐོགས་ཡོད་པ་ཞིག་ཀྱང་ཆགས་ཡོད། དེང་སྐབས་ཉམས་ཞིབ་པ་ཚོས་བརྗོད་པ་ལྟར་ན་རྒྱ་ནག་ནང་དུ་ནང་པ་གྲངས་ས་ཡ་ ༣༠༠ ཡོད་ཁོངས་ནས་མང་པོ་ཞིག་ལ་ཤེས་ཡོན་ཡོད་པ་དང་། ལྷག་པར་བོད་བརྒྱུད་ནང་བསྟན་ལ་དོ་སྣང་བྱེད་བཞིན་ཡོད། ངོས་ལ་མི་གཞན་གྱིས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཆེད་རོགས་རམ་ཇི་འདྲ་བྱེད་དགོས་སམ་ཞེས་འདྲི་སྐབས། ངོས་ཀྱིས་ཁྱེད་ཚོ་བོད་དུ་ཕེབས་ནས་དངོས་ཡོད་གནས་སྟངས་ཇི་ཡིན་དངོས་སུ་གཟིགས་ཐུབ་པ་གནང་རོགས། ཞེས་འབོད་སྐུ་ཞུ་བཞིན་ཡོད། བོད་ཀྱི་ཁོར་ཡུག་ནི་ཧ་ཅང་འཇིག་སླ་བ་ཞིག་ཡིན་པ་དང་། བོད་ལ་འཛམ་གླིང་གི་སྣེ་གསུམ་པར་གྲགས་བཞིན་ཡོད། གང་ཡིན་བརྗོད་ན་བོད་ཀྱི་ཁོར་ཡུག་ལ་དོ་ཕོག་ཇི་འདྲ་ཞིག་བཏང་ཡང་དེས་གོ་ལའི་ཚ་དྲོད་དང་བོད་ཀྱི་རྒྱུག་ཆུ་འབབ་སའི་གཤམ་དུ་གནས་པའི་མི་གྲངས་ས་ཡ་མང་པོས་བོད་ཀྱི་རྒྱུག་ཆུ་སོགས་ལ་བརྟེན་ནས་འཚོ་གནས་བྱེད་བཞིན་ཡོད་སྟབས། ཁོང་ཚོའི་ཚེ་སྲོག་དང་ཐད་ཀར་འབྲེལ་བ་ཆགས་ཡོད། དེར་བརྟེན་ཁྱེད་ཚོས་བོད་དུ་ཕྱིན་ནས་ཉམས་ཞིབ་གནང་སྟེ་སྙན་ཐོ་ཕྱིར་འདོན་ཐུབ་པ་དགོས། ཞེས་བཀའ་ལན་སྩལ། ༸གོང་ས་མཆོག་ཕྱི་ཚེས་ ༧ ཉིན་བྱང་ཨ་རི་དང་ཇོར་ཇི་ཡ། པོ་ལེན་ཌི་སོགས་ནང་ཆིབས་སྒྱུར་བསྐྱངས་ཡོད་པ་བཅས།།