༢༠༡༣ ཟླ་ ༡༠ ཚེས་ ༡༥ རེས་གཟའ་མིག་དམར།
༄༅། །ཉེ་ཆར་རྒྱ་གར་ཨོ་རི་ས་མངའ་སྡེའི་ནང་དྲག་ཆར་རླུང་ཚུབ་ཀྱི་གོད་ཆག་ཕོག་པར་བརྟེན་ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་མན་མོ་ཧན་སིངྒ་ Manmohan Singh མཆོག་དང་ཨོ་རི་ས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ན་ཝིན་པ་ཊི་ནེཀ Naveen Patnaik མཆོག་རྣམ་གཉིས་བརྒྱུད་ཨོ་རི་ས་མངའ་སྡེའི་གཞུང་མང་གཉིས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན། ཉེ་ལམ་རྒྱ་གར་ཤར་ཕྱོགས་ཨོ་རི་ས་མངའ་སྡེའི་ནང་དྲག་ཆར་རླུང་ཚུབ་ཕ་ལིན་ Cyclone Phailin ཞེས་པས་ཁུལ་དེའི་མི་རྒྱུ་གཉིས་ལ་གནོད་སྐྱོན་ཚབས་ཆེ་བྱུང་བའི་སྐོར་ཤེས་སྐབས་ངོས་རང་ཧ་ཅང་བློ་ཕམ་ཆེན་པོ་བྱུང་། འོན་ཀྱང་འབྲེལ་ཡོད་ལས་བྱེད་རྣམས་ཀྱིས་སྔོན་ཚུད་ནས་ཉེན་གཡོལ་ཉེན་བརྡ་བཏང་བར་བརྟེན་སྲོག་སྐྱོན་ཕོག་མཁན་གྲངས་འབོར་ཉུང་ཉུང་ཡིན། ངོས་ཀྱིས་འབྲེལ་ཡོད་ལས་བྱེད་ཚོའི་འབད་བརྩོན་ལ་ཡི་རང་བསྔགས་བརྗོད་ཞུ་རྒྱུ་དང་སྦྲགས། གོད་ཆག་འོག་དཀའ་སྡུག་མྱོང་བཞིན་པའི་ཨོ་རི་ས་གཞུང་མང་གཉིས་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་ཏཱ་ལའི་བླ་མའི་ཐེབས་རྩ་བརྒྱུད་ཨོ་རི་སའི་ངལ་སེལ་ཐེབས་རྩར་ཞལ་འདེབས་ཕྲན་བུ་རྒྱག་རྒྱུ་ཡིན། ཞེས་འཁོད་ཡོད།