༢༠༡༣ ཟླ་ ༩ ཚེས་ ༦ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༧ ཉིན་ཨོ་སི་ཊོ་ལི་ཡའི་འོས་བསྡུ་ཆེན་མོ་སླེབས་ཉེའི་མཚམས་འདིར་ཨོ་སི་ཊོ་ལི་ཡའི་ནང་རྟེན་གཞི་བྱས་པའི་ (ATC) བོད་དོན་རྒྱབ་སྐྱོར་ཚོགས་པ་ནས་ཁུལ་དེའི་ཆབ་སྲིད་ཚོགས་པ་ཆེ་གྲས་གསུམ་ལ་བོད་དོན་གོ་རྟོགས་དང་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་ཇི་ཙམ་ཡོད་མེད་ཀྱི་འདྲི་ཤོག་རེ་ཕུལ་ཡོད་པ་ལྟར། ཆབ་སྲིད་ཚོགས་པ་རྣམས་ནས་ད་ལྟའི་བོད་ནང་གི་གནས་སྟངས་ཛ་དྲག་ཡིན་པ་དང། དེའི་ཐོག་བློ་འཚབ་ཡོད་པ་མ་ཟད་རྒྱ་ནག་གཞུང་ལ་ཡང་བོད་རྒྱའི་དཀའ་རྙོག་སེལ་དགོས་པའི་སྐུལ་མ་ཤུགས་ཆེ་གནང་དང་གནང་མུས་ཡིན་སྐོར་ལན་འདེབས་གནང་འདུག
དེ་ཡང་ངལ་རྩོལ་ཚོགས་པའི་ངོས་ནས་བོད་ནང་གི་ཛ་དྲག་གནས་སྟངས་ལ་ཧ་ཅང་བློ་འཚབ་ཡོད་པ་དང་། སྤྱིར་རྒྱ་ནག་གཞུང་ནས་བོད་རྒྱའི་དཀའ་རྙོག་སེལ་དགོས་པ་མ་ཟད། ཡང་སྒོས་རྒྱ་ནག་གཞུང་འོག་ཡོད་པའི་མི་དམངས་རྣམས་ལ་སྨྲ་བརྗོད་རང་དབང་སྤྲོད་དགོས། ལྷག་པར་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མཆོག་དང་ལྷན་གྲོས་མོལ་གནང་བ་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། ང་ཚོའི་ངོས་ནས་རྒྱ་ནག་དང་ལྷན་དུ་དེ་སྔ་ཡང་བོད་དོན་གླེང་སློང་བྱས་ཡོད་ལ་མ་འོངས་པར་ཡང་བྱེད་འཆར་ཡོད། དེ་བཞིན་༸གོང་ས་ཏཱ་ལའི་བླ་མ་ཨོ་སི་ཊོ་ལི་ཡར་ཆོས་ཕྱོགས་ཀྱི་དབུ་ཁྲིད་ངོ་བོའི་ཐོག་ནས་ཆིབས་སྒྱུར་བསྐྱང་རྒྱུར་ང་ཚོས་དུས་རྟག་ཏུ་དགའ་བསུ་དང་འབྲེལ་མཇལ་ཁ་ཡང་ཞུ་རྒྱུ་ཡིན། ཞེས་གསུངས་འདུག
ཕྱོགས་མཚུངས་རང་དབང་ཚོགས་པ་དང་ལྗང་ཁུ་ཚོགས་པ་གཉིས་ནས་ཀྱང་དེ་མཚུངས་ཀྱི་རྒྱབ་སྐྱོར་གནང་འདུག་པ་བཅས། །