༢༠༡༣ ཟླ་ ༩ ཚེས་ ༣༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢༨ རེས་གཟའ་སྤེན་པའི་ཉིན་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ཉིན་མཐའ་མར་ཚོགས་གཙོ་མཆོག་གིས་མཇུག་བསྡོམས་གསུང་བཤད་གནང་དོན།
སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ པའི་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་བཀའ་བློན་རྣམ་པ་ཚོ་དང་། བཀུར་འོས་སྤྱི་འཐུས་རྣམ་པ་ཚོས་གྲོས་ཚོགས་ཀྱི་ལས་རིམ་འགོ་མཇུག་བར་གསུམ་ལ་ཐུགས་སྣང་དང་ཐུགས་འཁུར་ཆེན་པོའི་ཐོག་ནས་ཆ་ཤས་བླངས་པར་ཚོགས་གཙོ་སྦྲེལ་པོས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དབུ་འབྱེད་གཏམ་བཤད་ནང་དེ་རིང་གྲོས་ཚོགས་ཀྱི་ལས་དོན་འདིའི་ཐོག་དོན་དང་ལྡན་པ་ཞིག་ཡོང་རྒྱུའི་རེ་བ་ཞུས་པ་རེད། ཉིན་བཅུའི་གྲོས་ཚོགས་ཀྱི་ལས་རིམ་འདི་ཚོགས་གཙོ་སྦྲེལ་པོའི་ལྟ་སྣང་ལ་དོན་དང་ལྡན་པ་ཞིག་བྱུང་སོང་བསམས་པ་ཞིག་བྱུང་སོང་། ཞེས་སྔོན་དུ་བརྗོད་པའི་ཐོག་ནས་ཐེངས་འདིའི་གྲོས་ཚོགས་ཀྱི་ལས་རིམ་ནང་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་གྱི་ལས་རིམ་གསུམ་རྣམ་ཕེབས་དགོས་བྱུང་བ་རེད། བོད་ནང་རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་མྱ་ངན་གུས་འདུད་དང་། བོད་པའི་གྲོགས་པོ་རྙིང་པ་དང་བོད་དོན་ཐོག་དངོས་གནས་ཤ་ཚ་ཡོད་མཁན། མི་ཚེ་སྒང་པོ་དུས་ཚོད་ངེས་ཅན་བོད་དོན་ཐོག་གཏོང་མཁན་མི་སྣ་གཉིས་ཏེ་སྐུ་ཞབས་མོ་ཧན་སིང་མཆོག་དང་རོ་སྦར་ཌི་ཕོ་ཊ་མཆོག་རྣམ་གཉིས་སྐུ་གཤེགས་པར་བརྟེན་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་འཆར་རྣམ་པ་རེད། གྲོས་ཚོགས་ནང་གསུང་མཁན་བྱུང་སོང་། གཅིག་བྱས་ན་ང་ཚོའི་སྤྱི་མཐུན་བསོད་ནམས་ཀྱི་འདང་གི་མེད་པ་ཡིན་ནམ། གང་ལྟར་བོད་དོན་ཐོག་དངོས་གནས་ཤ་ཚ་ཡོད་མཁན་འདས་གྲོངས་སུ་འགྱུར་བ་དང། སྐབས་རེ་སྐྱེན་ངན་འཕྲད་རྒྱུའི་གནས་ཚུལ་ཡོང་གི་འདུག
དེར་བརྟེན་ང་ཚོ་ལྷ་སྡེ་མི་སྡེ་ཡོངས་ནས་སྤྱི་མཐུན་བསོད་ནམས་ལ་འབད་འབུང་བྱེད་རྒྱུ་དེ་གལ་ཆེན་པོ་རེད་འདུག་ཅེས་ཞུ་རྒྱུ་ཡིན། གྲོས་ཚོགས་འདིའི་ནང་བོད་ནང་གི་ཛ་དྲག་གནས་སྟངས་ཀྱི་ཐོག་གདུང་སེམས་མཉམ་སྐྱེའི་གྲོས་ཆོད་གྲོས་འཆར་ཞིག་བཏོན་པ་བཞིན་དོན་ཚན་གསུམ་ཅན་གྱི་གྲོས་ཆོད་གཅིག་བཞག་ཐུབ་པ་བྱུང་ཡོད། དེའི་ཐོག་སྤྱི་འཐུས་རྣམ་པ་ཚོས་འགན་བཞེས་ནས་ཆ་ཤས་བླངས་པ་རེད། འཛིན་སྐྱོང་བཀའ་ཤག་གིས་དགོངས་ཚུལ་གསུངས་པ་རེད། ད་ལྟ་བཀའ་ཤག་གི་གསལ་བཤད་དང་འབྲེལ་ནས་བོད་རྒྱ་འབྲེལ་མོལ་གྱི་གནད་དོན་སྐོར་ལའང་གྲོས་ཚོགས་ནང་གླེང་པར་བརྟེན། འགན་གཙོ་བོ་དེ་འཛིན་སྐྱོང་བཀའ་ཤག་ལ་ཡོད། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་བོད་དོན་དཀའ་རྙོག་སེལ་ཐབས་སུ་རྒྱ་ནག་གི་འགོ་ཁྲིད་ཚོད་དང་མཉམ་འབྲེལ་མོལ་བྱེད་རྒྱུའི་ལས་དོན་ཐོག་བཀའ་ཤག་གི་འབད་འབུང་གནང་གི་ཡོད་རེད་ལ། ད་དུང་ཡང་དེའི་ཐོག་ཤུགས་ཆེ་ཙམ་གནང་དགོས་རྒྱུའི་གནས་སྟངས་ཆགས་ཀྱི་འདུག་ཅེས་ཞུ་རྒྱུ་ཡིན།
ཐེངས་འདིར་ང་ཚོས་གྲོས་ཚོགས་འདིའི་ནང་གལ་ཆེ་ཤོས་ནི་གཞུང་འབྲེལ་གྲོད་ཆོས་གྲོས་འཆར་ཡིག་ཆ་ཨང་ ༡༧ འདི་བཞག་ཐུབ་ཡོད། གྲོས་ཆོས་འདི་བཀུར་འོས་སྤྱི་འཐུས་རྣམ་པ་ཚོས་གསུངས་པ་བཞིན་དགའ་པོའི་ངང་ནས་གྲོས་ཆོད་འདི་གྲོས་ཚོགས་ནང་འཁྱེར་ཡོང་བ་ཞིག་རྩ་བ་ནས་ཆགས་མེད། གནས་སྟངས་ཞན་པོ་ཞིག་ལ་ང་ཚོ་བསླེབས་པར་བརྟེན་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་འདི་འཁྱེར་དགོས་ཐུག་ཡོད། འོན་ཀྱང་གྲོས་ཆོད་གྲོས་འཆར་ཐོག་བགྲོ་གླེང་གནང་པའི་སྐབས་དང་གྲོས་ཆོད་གྲོས་འཆར་འདི་སྤྱི་མོས་ཀྱིས་གཏན་ལ་ཕབ་ཐུབ་པ་འདི་གྲོས་ཚོགས་ཀྱི་གཟི་བརྗིད་རེད་བསམ་དྲན་གྱི་ཡོད། གྲོས་ཚོགས་ནང་བཀའ་སྤྱི་བཅས་ཚོགས་མི་ཚང་མས་གྲོས་འཆར་འདིའི་ཐོག་སེམས་ནང་གཞན་ཞིག་ཉར་ནས་ཞལ་ནས་གཞན་ཞིག་གསུངས་པ་དེ་འདྲ་རྩ་བ་ཉིད་ནས་མིན་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། གྲོས་ཆོད་འདིའི་ནང་དམ་བཅའ་ཡང་བཞག་ཡོད། དེར་བརྟེན་གྲོས་ཆོད་འདིའི་དགོངས་དོན་ང་རང་ཚོའི་ལས་དོན་ཚགས་ཚུད་ཡོང་བ་དང་སྤྱི་ཚོགས་ནང་འཁྲུག་མི་ཐེབས་རྒྱུ། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་དམད་ཞུ་མཁན་ལ་ང་ཚོས་ཚམས་འཚོམ་དང་འཛེམས་ཟོན་མེད་པའི་ཐོག་ནས་གདོང་ལེན་བྱ་རྒྱུ་ཡིན། ཞེས་ཞུས་པ་བཞིན་གནང་དགོས་ཀྱི་རེད། དེ་འདྲ་མིན་ན་ཚིགས་འདི་མཛེས་རྒྱན་ཙམ་ཆགས་རྒྱུ་མ་གཏོགས་དོན་དངོས་ཐོག་ཕན་ཐོགས་མེད་པ་ཞིག་ཡོང་རྒྱུ་རེད། སྤྱི་ཚོགས་ནང་སྐད་ཆ་མང་པོ་ཡོང་བཞིན་ཡོད།
དེང་སྐབས་སྤྱི་ཚོགས་ནང་ལོ་རྒྱུས་དང་འབྲེལ་བ་ཡིན་ནའང་འདྲ། སྐད་ཆ་མང་པོ་དེ་འདྲ་ཡོང་གཞི་གཅིག་ནི་ང་རང་ཚོའི་སྤྱི་ཚོགས་རང་གིས་བཟོ་ཡི་ཡོད། དེ་ཚོའི་ཐོག་ཐུགས་གནང་གནང་རོགས། གང་ལྟར་ང་ཚོའི་སྤྱི་ཚོགས་འདི་གོ་བརྡ་འཕྲོད་ཐུབ་མཁན་གྱི་སྤྱི་ཚོགས་ཤིག་ཆགས་དགོས་ཀྱི་འདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་མའི་ལམ་ལ་ཕེབས་དགོས་པའི་རྒྱུ་མཚན་སྐོར་ལན་མང་བཀའ་སློབ་ཕེབས་གྲུབ་ཡོད། དེའི་ནང་ནས་ཡོངས་གྲགས་ཤེས་པ་དེ་ཨི་ཊ་ལི་དང་ལ་དྭགས། ས་ལུ་ག་ར། སུད་སི་བཅས་ལ་སྩལ་བ་དེ་དག་རེད། ཡོངས་གྲགས་མ་ཡིན་པ་དཔེར་ན་ཨོ་སི་ཊོ་ལི་ཡའི་མང་ཚོགས་ལའང་བཀའ་སློབ་སྩལ་ཡོད། སྐབས་དེར་ང་རང་བཅར་རྒྱུ་བྱུང་། དེར་བརྟེན་༸གོང་ས་མཆོག་ཆིབས་སྒྱུར་བསྐྱངས་ཚད་སྐབས་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་འབྲེལ་བརྗོད་ཡང་ཡང་མ་མཛད་ཐབས་མེད་ཆགས་པ་འདི་ང་རང་ཚོའི་སྤྱི་ཚོགས་ཀྱིས་བཟོས་པ་ཞིག་ཡིན། ངས་རྒྱུ་དུ་ང་ཚོའི་སྤྱི་ཚོགས་འདི་སྤྱི་ཚོགས་དང་གནས་སྟངས་གཞན་དང་མི་འདྲ་བ་ཞིག་འོག་གནས་ཡོད་པ་བརྗོད་ཀྱི་ཡོད། རང་བཙན་ཡོད་མཁན་རྒྱལ་ཁབ་ཀྱི་མི་གཅིག་ཡིན་ནའང་སོ་སོའི་ཆབ་སྲིད་གནས་སྟངས་འདི་ལ་དོ་སྣང་ཧ་ཅང་གནང་བཞིན་ཡོད། ང་ཚོ་ལུང་པ་མེད་མཁན་དང་། འཐབ་རྩོད་བྱེད་བཞིན་པའི་མི་རིགས་ཤིག་ཡིན་སྟབས་དེ་བས་ཆབ་སྲིད་ཐོག་དོ་སྣང་མང་བ་གནང་དགོས་པ་ཞིག་ཡིན་ནའང་། དོ་སྣང་མ་གནང་བས་རྐྱེན་གྱིས་སྤྱི་ཚོགས་ནང་དཀྲོག་གཏམ་ཆགས་རྒྱུའི་གནས་སྟངས་ཤིག་ཡོང་བཞིན་ཡོད། ཁ་གཅིག་གིས་ཤེས་བཞིན་དུ་སྤྱི་ཚོགས་ནང་གླེང་སློང་བཟོ་བཞིན་ཡོད། དེ་ཚོའི་ཐོག་དོ་སྣང་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན།
གཉིས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ལོ་དྲུག་ཅུ་ལྷག་གི་རིང་གཡས་སྐྱོར་གཡོན་སྐྱོར་མཛད་ནས་ང་ཚོ་བོད་མིའི་སྒྲིག་འཛུགས་འདི་ལྟ་བུ་ཡིན་ནའང་ཚོགས་ཁང་ནང་ཚོགས་ནས་སྐད་ཆ་ཤོད་སའི་གོ་སྐབས་ཡོད་པ་དང་། བོད་པའི་ཆོས་དང་སྐད་ཡིག རིག་གཞུང་གི་བསྟི་གནས་རྒྱ་ཆེན་པོ་འདི་ལྟ་བུ་ཞིག་བཙན་བྱོལ་ནང་བཙུགས་ཐུབ་པ་ཙམ་དུ་མ་ཟད། ཡར་རྒྱས་གོང་འཕེལ་ཐུབ་རྒྱུ་དེ་དག་ཚང་མ་༸གོང་ས་མཆོག་གི་བཀའ་དྲིན་ཉག་གཅིག་ལ་རྟེན་ནས་བྱུང་བ་ཞིག་རེད་མ་གཏོགས་ང་ཚོ་གཞན་ཞིག་གིས་འཇོན་ནས་བྱུང་བ་རེད་བསམ་པ་ཡིན་ན་འཁྲུལ་སྣང་ནང་ལྷག་གི་མེད་འགྲོ་བསམ་པའི་སེམས་ཚོར་གཅིག་རྒྱུན་ལྡན་ཡོང་གི་ཡོད་ལ་དེ་འདྲ་ཤོད་མཁན་ཞིག་ཀྱང་ཡིན་པར་བརྟེན་ད་རེས་འདིར་ཞུ་འདོད་བྱུང་། དེར་བརྟེན་འདས་པའི་ལོ་དྲུག་ཅུ་ལྷག་གི་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ངལ་འཛེམས་མེད་ཐོག་ཡར་རུབ་རུབ་ཙོག་ཙོག་བཟོས་གནང་མཛད་བཞག་པ་འདི་ང་ཚོས་གཏོར་ཤིག་གཏོང་འགོ་བརྩམ་པ་ཡིན་ན་ལོ་རྒྱུས་ཐོག་བོད་མིར་གྱོང་གུན་འདི་ལས་ལྷག་པ་རག་རྒྱུ་མེད་པ་མ་ཟད། ལོ་རྒྱུས་ཐོག་ང་ཚོར་ནག་ཉེས་ཤིག་ཕོག་རྒྱུ་རེད། ཕྱོགས་མཚུངས་ང་ཚོའི་སྤྱི་ཚོགས་འདི་དམ་ཉམས་ཀྱི་སྤྱི་ཚོགས་ཤིག་ཆགས་རྒྱུ་ཡིན་པའི་སེམས་ཚོར་ཆེན་པོ་ཞིག་ཡོང་བཞིན་འདུག བླ་མ་དང་སློབ་མའི་དབར་དམ་ཚིགས་ཉམས་པ་ཡིན་ནའང་འདྲ། དམ་ཚིགས་ཉམས་པ་དེ་འདྲ་མི་ཡོང་ཆེད་སོ་སོ་རང་ཉིད་མི་རེ་ངོ་རེས་བསམ་བློ་ཇི་འདྲ་ཞིག་འཁྱེར་དགོས་པ་དང་། འགན་ཇི་འདྲ་ཞིག་འཁྱེར་དགོས་པའི་ཐོག་བསམ་བློ་གཏོང་དགོས།
ང་ཚོ་དབུ་ལ་བཞུགས་མཁན་ཚོས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་ཡིན་ནའང་འདྲ། ས་གནས་ལས་བྱེད་ཚོ་ཡིན་ནའང་འདྲ། གཞུང་འབྲེལ་མིན་པའི་ཚོགས་པ་ཡིན་ནའང་འདྲ། ལྷག་པར་དེང་སྐབས་བརྒྱུད་ལམ་མང་དག་གཅིག་ཡོད། བརྒྱུད་ལམ་དེ་ཚོའི་ནང་ཡིན་ནའང་ཆོས་ཀྱིས་བོད་དེ་བསྐྱལ་བ་རེད། ཟེར་རྒྱུ་དང་ནང་ཆོས་ཀྱིས་རྩ་དོན་ལ་གནོད་པ་རེད་ཟེར་བའི་བསམ་བློ་དེ་དག་གིས་ཆོས་ལ་ཟུར་ཟ་དང་བཀུར་འདེམས་བྱ་རྒྱུའི་རིགས་དེ་དག་རྩ་བའི་ཆ་ནས་སྨྲ་བརྗོད་ཀྱི་རང་དབང་ཡོད། འོན་ཀྱང་ཚད་བཟུང་ནས་བསམ་བློ་ཇི་ལྟར་གཏོང་དགོས་པ་དེར་བསམ་བློ་ཞིག་གཏོང་དགོས། རང་དབང་ཡིན་ཞེས་གང་བྱུང་བཤད་སྡད་པ་ཡིན་ན། ཁ་གཏད་དེ་ཕར་ཕྱོགས་སུ་བཞག་ནས་ནང་ཁུལ་དུ་རྩོད་གླེང་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་རྒྱུ་རེད། ཁ་སེང་ཚོགས་གཙོས་ཞུ་རྒྱུ་བྱུང་། ང་ཚོས་ཁ་གཏད་ལ་གདོང་ལེན་བྱ་རྒྱུའི་དུས་ཚོད་དེ་ཉུང་བ་དང་ནང་ཁུལ་དུ་གདོང་ལེན་དང་གཙང་མ་བཟོ་རྒྱུའི་གནས་སྟངས་མང་བ་ཆགས་པ་ཡིན་ན། ང་ཚོའི་སྤྱི་ཚོགས་འདི་ཧ་ཅང་ཐབས་སྐྱོ་བོ་ཞིག་ཆགས་རྒྱུའི་ཉེན་ཁ་ཡོད། ང་ཚོ་ལོ་རྒྱུས་ཐོག་ནས་བལྟས་པ་ཡིན་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་འཚོ་བཞུགས་སྐབས་སྐུ་དབང་རྩིས་སྤྲོད་མཛད་རྒྱུ་དང་ཡང་ན་བར་སྐལ་སྲིད་གཞུང་འཛིན་རྒྱུའི་གནས་སྟངས་སོགས་བྱུང་མྱོང་མེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཁོང་གིས་སྐུ་འཚོ་བཞུགས་སྐབས་སུའང་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་རྩིས་སྤྲོད་མཛད་པ་དེ་ལོ་རྒྱུས་ཐོག་ཏུ་ཐོག་མ་ཆགས་ཡོད། འདིར་དགོས་པ་རྒྱུ་མཚན་ཧ་ཅང་ཆེན་པོ་ཞིག་ཡོད་བསམ་དྲན་བཞིན་ཡོད། ངས་དུས་རྒྱུན་སྤྱི་ཚོགས་ནང་ཤོད་ཀྱི་ཡོད། དཔེར་ན། ད་ལྟའི་སྲིད་སྐྱོང་དང་སྐབས་དེར་བཀའ་བློན་ཁྲི་པར་འདེམས་འཐོན་བྱུང་བ་ཁོང་དམ་བཅའ་མ་ཕུལ་བའི་གོང་ང་གཉིས་ཝ་ཤིང་ཊོན་ཌི་སི་ལ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ཇོན་བྷེ་ནར་མཆོག་དང་ཚོགས་གཙོ་ཟུར་པ་ནན་སི་པི་ལོ་སི་མཆོག དེ་བཞིན་ཚོགས་ཆུང་གལ་ཆེན་པོ་ལྔའི་ཚོགས་གཙོ་དང་༸གོང་ས་མཆོག་ལྷན་འཛོམས་སྐབས། སྲིད་སྐྱོང་མཆོག་དང་ང་གཉིས་ཀྱི་ལག་པ་འཇུ་གནང་མཛད་དེ་ཕས་བུ་སྐྱོང་བཞིན་ཡོད་པ་ལྟར་མཛད་ཡོད། དེ་འདྲ་ཞིག་མེད་ན་ད་སྐབས་ང་ཚོའི་གནས་སྟངས་འདི་ཇི་འདྲ་ཞིག་ཏུ་འགྱུར་རྒྱུ་རེད། གང་འདྲ་ཞིག་ཆགས་སྲིད་ཀྱི་རེད། དེའི་ཐོག་བསམ་བློ་གཏོང་དགོས། ཚོགས་གཙོས་དེང་སྐབས་ཕར་ཚུར་འགྲོ་སྐབས་སུའང་བརྗོད་ཀྱི་ཡོད།
ངས་ཚོགས་གཙོའི་མིང་གཅིག་འཁྱེར་བ་རེད་མ་གཏོགས་ང་གང་ཟག་ཕལ་པ་གང་ཡང་མི་ཤེས་མཁན་ཞིག་དང་། སྤྱི་ཚོགས་ནང་གི་མི་ཆུང་ཆུང་ཞིག་ཡིན། སོ་སོས་སོ་སོར་ཆེན་པོ་མཐོང་མཁན་ཞིག་དང་ཆེན་པོའི་བྱེད་སྟངས་ཡང་ཤེས་ཀྱི་མེད། ཚོགས་གཙོའི་མིང་འཁྱེར་ནས་གཡས་ཡོན་དུ་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་བྱས་ནས་བོད་དོན་ཐོག་གསལ་བཤད་བྱ་རྒྱུའི་གོ་སྐབས་བྱུང་བ་སོགས་ཀྱི་གྲུབ་འབྲས་ཕྲན་བུ་ཞིག་ཐོན་ནའང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཉག་གཅིག་ཡིན་བསམ་པ་ལས་སོ་སོས་འཇོན་བཞག་པ་ཞིག་ཡིན་བསམ་པ་དྲན་གྱི་མེད། སྲིད་སྐྱོང་མཆོག་ཡིན་ནའང་ང་གཉིས་དེའི་སྐོར་གོ་བསྡུར་བྱུང་། ཁོང་ནས་ཀྱང་དགོངས་ཚུལ་དེ་རང་ཡིན་པ་གསུངས་བྱུང་། འདི་འདྲ་ཞིག་གསོ་སྐྱོང་མཛད་མཁན་དང་སྐུ་ངལ་སྐྱོན་གནང་མཛད་མཁན་ཞིག་ལ་མཚན་དམད་དང་བཀུར་འདེབས་ཞུ་རྒྱུ། ཆབ་སྲིད་མཁྱེན་གྱི་མི་འདུག་མདོག་མདོག སོ་སོ་རང་ཉིད་ལ་འཇོན་ཐང་ཡོད་མདོག་གི་འཁྲུལ་སྣང་ནང་ལུས་པ་ཡིན་ན། ང་ཚོའི་ལོ་རྒྱུས་ཐོག་ནོར་འཁྲུལ་ཆེ་ཤོས་ཤིག་ཆགས་རྒྱུ་རེད། ད་ལྟ་༸རྒྱལ་བ་རིན་པོ་ཆེ་མཆོག་སྐུ་འཚོ་བཞུགས་སྐབས་འཛིན་སྐྱོང་དང་གྲོས་ཚོགས། མང་གཙོའི་ལམ་ལུགས་བཅས་ལ་དོ་ཕོག་ཕྱིན་ནའང་དཀའ་ངལ་ཕལ་ཆེར་འཕྲད་རྒྱུ་མ་རེད། ༸གོང་ས་མཆོག་གིས་གྲ་སྒྲིག་གང་གི་ཆེད་དུ་མཛད་བཞིན་ཡོད། སྐུ་འཚོ་བཞུགས་མིན་པའི་སྐབས་སྤྱི་ཚོགས་འདི་སྲ་བརྟན་ཡོང་བ་ཞིག་དང་འགྲོ་ལུགས་འགྲོ་སྟངས་ཚད་དང་ལྡན་པ་ཞིག་ཐོག་འགྲོ་ཐུབ་ན་དགོངས་ཏེ་ཐུགས་རེ་མཛད་ནས་སྐུ་ལས་སྐྱོན་བཞིན་ཡོད་པར་བརྟེན། ད་ལྟའི་གོ་སྐབས་འདི་དག་བེད་སྤྱོད་ལོག་པར་ཕྱིན་ནས་འཐབ་རྩོད་ཀྱི་ནུས་པ། ཆིག་སྒྲིལ་གྱི་ནུས་པ་སོགས་གང་སྤྱིའི་ཐོག་སྐྱོན་ཞིག་ཆགས་པ་ཡིན་ན། ང་ཚོ་ནང་པ་ཞིག་ཡིན་པའི་ཆ་ནས་ལས་འབྲས་རྙོག་པ་གསལ་པོ་ཆགས་རྒྱུ་ཡིན་པ་མ་ཟད། ལོ་རྒྱུས་ཐོག་ནག་ཐིག་ཆེན་པོ་ཞིག་ཏུ་གྱུར་མི་སྲིད་པ་མིན་པ་སོང་བར་བརྟེན། སྐད་ཆ་འདི་ཤོད་འདོད་བྱུང་། དེར་བརྟེན་ང་ཚོས་ཕྱིན་ཆད་ཀྱི་ལས་ཀ་བྱེད་ཕྱོགས་ཐོག་བསམ་བློ་ཡག་པོ་གཏོང་དགོས་འདུག་ཅེས་མཇུག་བསྡོམས་གཏམ་བཤད་ནང་ཞུ་རྒྱུ་གཙོ་བོ་འདི་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད།།