༢༠༡༣ ཟླ་ ༩ ཚེས་ ༧ རེས་གཟའ་སྤེན་པ།
༄༅། །བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྱབ་ཁོངས་ས་གནས་ཁྲིམས་ཞིབ་ཁང་ཁག་གི་ཆེད་དུ་ས་གནས་ཁྲིམས་ཞིབ་པ་གསུམ་ཐད་བསྐོ་གནང་རྒྱུ་ཡིན་ན། གཤམ་གསལ་ཆ་རྐྱེན་ཚང་ཞིང་ས་གནས་ཁྲིམས་ཞིབ་པའི་ཞབས་ཞུར་འདོད་བློ་ཡོད་རིགས་ནས་འཚང་སྙན་འབུལ་ཆོག
༡༽ ས་མིག ས་གནས་ཁྲིམས་ཞིབ་པའི་ས་མིག་ཐོག་ཟུང་འབྲེལ་དྲུང་ཆེའི་གནས་རིམ་ཅན་གྲངས་ ༣ ཡོད།
༢༽ དགོས་ངེས་ཀྱི་ཆ་རྐྱེན།
· མཐོ་རིམ་སློབ་གྲྭ་ཞིག་ནས་སློབ་ཐོན་ལག་ཁྱེར་ LLB/BA ཡོད་པའམ། དེ་དག་དང་མཉམ་པའི་ཤེས་ཚད་ལག་ཁྱེར་དགོས་པ་ཡིན།
· རང་ལོ། ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༡ བར་རང་ལོ་ ༣༠ ཧྲིལ་པོ་ལོན་པ་ཞིག་ཡིན་དགོས།
༣༽ མཐུན་རྐྱེན།
· བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་པ་འདེམས་སྒྲུག་ནང་ཚུད་པ་ཡིན་ན་འདས་པའི་ཞབས་ལོ་རྩིས་འགྲོ་གཏོང་རྒྱུ།
· ས་གནས་ཁྲིམས་ཞིབ་པའི་ས་མིག་གཞིར་བཟུང་ཕོགས་དང༌། ཐོབ་ཐང་གཞན་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ལས་འཕར་སྤྱི་མཚུངས་ཐོབ་རྒྱུ།
· ཁྲིམས་ལུགས་རིག་པའི་སློབ་ཐོན་ལག་ཁྱེར་ LLB ལ་ཨང་ཐོབ་ ༡༠ དང་། LLM ལ་ཨང་ཐོབ་ ༡༥ ། PhD ལ་ཨང་ཐོབ་ ༢༥ རེ་དོ་བདག་སོ་སོའི་རྒྱུགས་འཕྲོད་གྲུབ་འབྲས་སྟེང་དམིགས་བསལ་ཁ་སྣོན་བྱ་རྒྱུ་དང༌། ཁྲིམས་ཞིབ་ཁང་ངམ། གཅིག་ལྕོགས་ས་གནས་ཁྲིམས་ཁང་ནང་ལས་ཀའི་ཉམས་མྱོང་ལོ་ ༢ ཧྲིལ་པོ་ཡན་ལོན་པ་དང༌། བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་དང་ཉམས་མྱོང་ཡོད་རིགས་བཅས་ལ་དོ་བདག་སོ་སོའི་རྒྱུགས་འཕྲོད་གྲུབ་འབྲས་སྟེང་ཨང་ཀི་ ༥ རེ་དམིགས་བསལ་ཁ་སྣོན་གནང་རྒྱུ།
༣༽ འདེམས་རྒྱུགས།
ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་དོན་ཚན་ ༥༤ དགོངས་དོན་འདེམས་རྒྱུགས་ཚོགས་ཆུང་ཟུར་བཙུགས་ཀྱིས་བོད་དབྱིན་གཉིས་ཀྱི་འབྲི་རྒྱུགས་དང༌། ངག་རྒྱུགས་ལེན་རྒྱུ།
༤༽ ས་གནས་འགོ་འཛིན་ནམ་བོད་མིའི་སྒྲིག་འཛུགས་ཀྱི་ཟུང་དྲུང་ཡན་གང་རུང་གིས་དག་མཆན་འཁོད་པའི་ཡིག་ཆ་འབུལ་དགོས་པ་གཤམ་གསལ།
ཀ) རང་ཉིད་ཀྱི་ད་ལྟའི་ཕྱེད་པར་གཉིས་རེ་དང༌།
ཁ) རྒྱུགས་འབྲས་ཨང་ཤོག་དང་སློབ་ཐོན་ལག་ཁྱེར་གྱི་ངོ་བཤུས།
ག) དཔྱ་ཁྲལ་འབུལ་འབབ་གཙང་ཕུལ་ཟིན་པའི་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་མཐའ་མའི་ངོ་བཤུས།
ང) གནས་ཡུལ་རྒྱལ་ཁབ་ནང་གནས་སྡོད་ཆོག་པའི་ལག་ཁྱེར་གྱི་ངོ་བཤུས།
ཅ) བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ངམ། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་གཟུགས་བབ་ལས་འཕེར་ཡིན་པའི་རང་ཉིད་ཀྱི་འདྲ་པར་མཉམ་སྦྱར་གྱི་སྨན་པའི་ངོས་སྦྱོར།
ཆ) སྐྱེས་ཚེས་ལག་ཁྱེར་ཡོད་ན་དང༌། དེ་མིན་འཛིན་རིམ་བཅུ་པའི་ལག་ཁྱེར་གྱི་ངོ་བཤུས།
ཇ) རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར།
ཉ) བོད་མིའི་སྒྲིག་འཛུགས་སམ། སྡེ་ཚན་གང་རུང་ནང་ལས་བྱེད་པ་ཡིན་མུས་ཤིག་ཡིན་ཚེ་འབྲེལ་ཡོད་འགན་འཛིན་ནས་དགག་ཆ་མེད་པའི་ངོས་སྦྱོར་དགོས་པ་ཡིན།
གོང་གསལ་ཡིག་ཆ་ཁག་འཚང་སྙན་མཉམ་དུ་ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༥ འགྱངས་མེད་འབྲེལ་བ་གནང་བདེའི་ཁ་བྱང་དང༌། ཁ་པར་ཨང་གྲངས། ཨི་མེལ་ཁ་བྱང་སོགས་གང་ཡོད་ཁ་གསལ་བཀོད་དེ་གཤམ་གསལ་ཁ་བྱང་ཐོག་ཕུལ་འབྱོར་ཐུབ་པ་དགོས་རྒྱུ། གོང་གསལ་དུས་བཀག་རྗེས་འཚང་སྙན་འབྱོར་རིགས་ལ་བདག་སྤྲོད་བྱ་རྒྱུ་མིན།
འཚང་སྙན་དང་རྒྱབ་རྟེན་ཡིག་ཆ་ཕུལ་འབྱོར་བྱུང་རིགས་ལ་ཞིབ་འཇུག་གིས། ཆ་རྐྱེན་ཚང་མཁན་རྣམས་འཚང་རྒྱུགས་སུ་འབོད་འགུག་བྱ་རྒྱུ་དང༌། འཚང་རྒྱུགས་སུ་ངོ་བཅར་སྐབས་དགོས་མཁོའི་ཡིག་ཆ་ངོ་མ་ཁག་མཉམ་འཁྱེར་གྱིས་འབྱོར་ཐོ་འགོད་དགོས་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༥ ལ།།
Secretary General
Tibetan Supreme Justice Commission
Gangchen Kyishong
Dharmsala 176215 Distt. Kangra (H.P.)
Tel: 01892- 224964 Fax: 01892- 225099
E-mail: [email protected]