༢༠༡༣ ཟླ་ ༩ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་ལས་བྱེད་ས་མིག་སྟོང་པ་ཐོན་པར་ཁ་སྐོང་ཆེད་གསར་འདེམས་བསྐོ་གཞག་གནང་རྒྱུ་ཡིན་ན། གཤམ་གསལ་ས་མིག་སོ་སོའི་ཆ་རྐྱེན་ཚང་ཞིང་དོན་དམ་སྲི་ཞུའི་ལས་བྱེད་དུ་ཞུགས་ཏེ་ཉུང་མཐར་ལོ་ལྔའི་རིང་མུ་མཐུད་ཞབས་འདེགས་ཞུ་འདོད་ཡོད་རིགས་ནས་གཤམ་གསལ་ཁ་བྱང་ཐོག་འཚང་སྙན་འབུལ་འཐུས།
ཀ༽ འགན་འཛིན་སྡེ་ཚན་ཁོངས་དྲུང་གཞོན་ལས་རོགས་གནས་རིམ་དུ་ས་སྟོང་ ༢ ཡོད་པའི་དགོས་མཁོའི་ཆ་རྐྱེན།
༡༽ གནས་རིམ། དྲུང་གཞོན་ལས་རོགས།
༢༽ ཤེས་ཚད། ཉུང་མཐར་མཐོ་སློབ་ཞིག་ནས་ཉེ་བའི་གཙུག་ལག་རབ་འབྱམ་པ་ B.A/B.Com/B.Sc གང་རུང་ངམ།
དེ་དང་མཉམ་པའི་ཤེས་ཚད་ལག་འཁྱེར་ཚད་ལྡན་ཡོད་པ།
༣༽ ལོ་ཚད། ༢༠༡༣།༡༠།༢༥ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༣༥ ལས་མ་བརྒལ་བ་དགོས།
༤༽ རྒྱུགས་གཞི། བོད་ཡིག་དང་། དབྱིན་ཡིག ཆབ་སྲིད། རྩིས་ཡིག་བཅས་སློབ་ཚན་བཞིའི་ཐོག་འབྲི་རྒྱུགས་དང་།
བོད་སྐད། དབྱིན་སྐད། ཆབ་སྲིད་བཅས་གསུམ་ཐོག་ངག་རྒྱུགས་ལེན་རྒྱུ།
ཁ༽ དམིགས་དཀར་ས་མིགཿ
རྒྱ་མིའི་སྐད་ཡིག་ཚད་འཕེར་ཅན་གྱི་དྲུང་གཞོན་ལས་རོགས་ ༢ དང་། སྡེ་ཚན་འགན་འཛིན་ ༡ གི་ས་མིག་བསྡོམས་ ༣ ཡོད།
༡) རྒྱ་ཡིག་དྲུང་གཞོན་ལས་རོགས་ཀྱི་དགོས་མཁོའི་ཆ་རྐྱེན།
༡༽ གནས་རིམ། དྲུང་གཞོན་ལས་རོགས། (རྒྱ་ཡིག)
༢༽ ཤེས་ཚད། རྒྱ་ཡིག་ཐོག་ཉུང་མཐར་ཚད་ལྡན་མཐོ་སློབ་ཞིག་ནས་ཉེ་བའི་གཙུག་ལག་རབ་འབྱམ་པ་ BA ཐོན་པའམ། དེ་དང་མཉམ་པའི་ཤེས་ཚད་ཡོད་པ་དང་། ཤེས་ཚདལག་འཁྱེར་མེད་ཀྱང་ཡིག་རྒྱུགས་གཏོང་རྒྱུའི་གོ་སྐབས་གནང་རྒྱུ།
༣༽ ལོ་ཚད། ༢༠༡༣།༡༠།༢༥ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༣༥ ལས་མ་བརྒལ་བ་དགོས།
༤༽ ལས་འགན། འབྲེལ་ཡོད་ལས་ཁུངས་ནས་ལས་འགན་བཀོད་སྒྲིག་ལྟར་དྭངས་ལེན་ཐུབ་པ།
༥༽ རྒྱུགས་གཞི། བོད་ཡིག་དང་། རྒྱ་ཡིག་གཉིས་ཀྱི་འབྲི་རྒྱུགས་དང་། ངག་རྒྱུགས་གཏོང་དགོས།
༢) རྒྱ་ཡིག་སྡེ་ཚན་འགན་འཛིན་གྱི་དགོས་མཁོའི་ཆ་རྐྱེན།
༡༽ གནས་རིམ། སྡེ་ཚན་འགན་འཛིན། (རྒྱ་ཡིག)
༢༽ ཤེས་ཚད། རྒྱ་ཡིག་ཐོག་ཉུང་མཐར་ཚད་ལྡན་མཐོ་སློབ་ཞིག་ནས་ཉེ་བའི་གཙུག་ལག་རབ་འབྱམ་པ་ BA ཐོན་པའམ། དེ་དང་མཉམ་པའི་ཤེས་ཚད་ཡོད་པ་དང་། ཤེས་ཚད་ལག་འཁྱེར་མེད་ཀྱང་ཡིག་རྒྱུགས་གཏོང་རྒྱུའི་གོ་སྐབས་གནང་རྒྱུ།
༣༽ ལོ་ཚད། ༢༠༡༣།༡༠།༢༥ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༠ ལས་མ་བརྒལ་བ་དགོས།
༤༽ ལས་འགན། འབྲེལ་ཡོད་ལས་ཁུངས་ནས་ལས་འགན་བཀོད་སྒྲིག་ལྟར་དྭངས་ལེན་ཐུབ་པ།
༥༽ རྒྱུགས་གཞི། བོད་ཡིག་དང་། རྒྱ་ཡིག་གཉིས་ཀྱི་འབྲི་རྒྱུགས་དང་། ངག་རྒྱུགས་གཏོང་དགོས།
གོང་གསལ་གནས་རིམ་སོ་སོའི་ཆེད་ཆ་རྐྱེན་ལྡན་རིགས་ནས་སྙན་ཞུའི་འགེངས་ཤོག་འདི་ག་ལས་བྱེད་འདེམས་བསྐོ་ལྷན་ཁང་དང་། ས་གནས་འགོ་འཛིན་ལས་ཁང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ (www.tibet.net or www.154.35.136.131) གང་རུང་ནས་བོད་ཡིག་ཐོག་གཏན་འབེབས་ཡོད་པའི་འཚང་སྙན་འགེངས་ཤོག་ཞུས་ཏེ་ནང་གསལ་དོན་ཚན་རྣམས་འཚེམས་ལུས་མེད་པ་བཀང་སྟེ།
(༡) རང་ཉིད་ཀྱི་ད་ལྟའི་ཕྱེད་དཔར་ཚོན་ལྡན་གཉིས་རེ་དང་།
(༢) མཐའ་མའི་ཤེས་ཚད་ཨང་ཤོག་དང་། ལག་འཁྱེར་(Marks Card & Degree Certificate) ངོ་བཤུས། (རྒྱ་ཡིག་ས་མིག་ཆེད་མེད་ཀྱང་འཐུས་རྒྱུ།)
(༣) འབུལ་འབབ་གཙང་འབུལ་ཟིན་པའི་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་། གཉིས་པ། མཐའ་མ་བཅས་ཀྱི་ངོ་བཤུས།
(༤) གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་ལག་འཁྱེར་(R.C&R.P)ཤོག་གྲངས་དང་པོ་དང་། དུས་འགྱངས་ཞུས་པའི་མཐའ་མའི་ངོ་བཤུས།
(༥) བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང་། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་། འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་(MC)ཁ་གསར་སྟེང་རང་ཉིད་ཀྱི་འདྲ་དཔར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང་། ས་རྟགས་འཁོད་པ་ངོ་མ། (རྡ་ས་བདེ་ལེགས་སྨན་ཁང་གི་ངོས་སྦྱོར་ཡིན་ཚེ་སྨན་པ་ས་འདུ་ཚེ་བརྟེན་རྡོ་རྗེའི་ངོས་སྦྱོར་ཞུ་དགོས།)
(༦) སྐྱེས་ཚེས་ལག་འཁྱེར་ཡོད་ན་དང་། དེ་མིན་ཁུངས་སྐྱེལ་ཆེད་འཛིན་རིམ་ ༡༠ པའི་ལག་འཁྱེར་གང་རུང་གི་ངོ་བཤུས།
(༧) རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་བྱ་སྦྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་(Character Certificate)ངོ་མ།
(༨) ལས་བྱེད་ཁོངས་ཚུད་ན་ཉུང་མཐར་ལོ་ ༥ ཞབས་ཞུ་གནང་རྒྱུའི་གན་ཡིག་རྗེས་སུ་འབུལ་ན་འཐུས་རྒྱུ།
(༩) གལ་སྲིད་ད་ལྟ་སྤྱི་སྒེར་སྡེ་ཚན་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ཚེ་སྡེ་ཚན་དེའི་འགན་འཛིན་ནས་དགག་ཆ་མེད་པའི་ངོས་སྦྱོར་(No Objection Letter)ངོ་མ་བཅས་མཉམ་འབུལ་དགོས། གོང་གསལ་ཡིག་ཆའི་ངོ་བཤུས་ཁག་ལ་འབྲེལ་ཡོད་ས་གནས་འགོ་འཛིན་ནམ། འདེམས་ལྷན་ནས་བསྐོ་གཞག་བྱས་པའི་ཟུང་དྲུང་གནས་རིམ་ཡན་སུ་རུང་གི་དག་ཆན་ལས་དམ་ (Attestation) ཞུས་ཏེ་ ༢༠༡༣ ཕྱི་ཟླ་ ༡༠ ཚེས་ ༢༥ འགྱངས་མེད་རང་ཉིད་ཀྱི་ཁྱིམ་གཞིས་དང་སླད་འབྲེལ་བ་གནང་བདེའི་ཁ་བྱང་དང་། ཁ་དཔར་ཨང་། གློག་འཕྲིན།(E-Mail)ཁ་བྱང་ཁ་གསལ་བཀོད་དེ་གཤམ་གསལ་མཚན་བྱང་ཐོག་འབུལ་འབྱོར་ཟིན་པ་དགོས་རྒྱུ། ཆ་རྐྱེན་ཚང་ཞིང་ཚོད་བལྟའི་དུས་ཚེས་གཙང་བའི་ལས་བྱེད་ཡིན་མུས་སུ་རུང་གནས་རིམ་འོག་མ་ནས་ཀྱང་སྒྲིག་གསལ་ལྟར་སྙན་འབུལ་ཆོག་རྒྱུ། གོང་གསལ་དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་རྩིས་མེད་གཏོང་རྒྱུ་ཡིན། འཚང་སྙན་དུས་ཐོག་འབྱོར་རིགས་རྣམས་ལ་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་འོས་ཆོས་ལྡན་པ་ཚོར་ཡིག་རྒྱུགས་གཏོང་ཆེད་དུས་ཐོག་འབོད་བརྡ་ཡོང་རྒྱུར་སྐབས་བསྟུན་ལག་འཁྱེར་སོགས་ཡིག་ཆ་ངོ་མ་ཁག་མཉམ་འཁྱེར་གྱིས་འབྱོར་ཐོ་འགོད་བཅར་གྱིས་ཡིག་རྒྱུགས་བཞེས་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༡༣ ཟླ་ ༩ ཚེས་ ༢༣ ལ།།
Secretary
Public Service Commission
Central Tibetan Administration
Gangchen Kyishong, Dharamsala-176215
Distt.Kangra, (H.P)
Tel: 01892-226240
Telefax: 01892-222328
E-mail: [email protected]