༢༠༡༣ ཟླ་ ༩ ཚེས་ ༣༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢༧ ཉིན་བཞུགས་སྒར་མེག་གྷན་ཁུལ་གྱི་ས་གནས་རྒྱ་གར་ཡུལ་མི་ཚོགས་པ་ཁག་གི་འཐུས་མི་རྣམས་ཀྱིས་བོད་ཀྱི་ཟློས་གར་ཚོགས་པ་དང་བྷག་སུ་ལམ་ཟུར་དུ་ཡོད་པའི་བོད་མིའི་སྡོད་ཁང་དེ་དག་གཏོར་བཤིག་མི་དགོས་པའི་སྐོར་འབྲེལ་ཡོད་རྫོང་དཔོན་ལ་འབོད་སྐུལ་ཞུས་འདུག
དེ་ཡང་གོང་ཚེས་ཉིན་བཞུགས་སྒར་རྡ་སའི་ས་གནས་འབྲེལ་ཡོད་རྫོང་དཔོན་གྱིས་བོད་ཀྱི་ཟློས་གར་ཚོགས་པའི་ས་ཁུལ་དང་བྷག་སུ་ལམ་ཟུར་དུ་ཡོད་པའི་བོད་མིའི་སྡོད་ཁང་ཁག་གཏོར་བཤིག་གཏོང་རྒྱུའི་འཆར་གཞི་ཡོད་པ་ལ། བོད་མིའི་སྡོད་ཁང་ཁག་གཏོར་བཤིག་གཏོང་མི་དགོས་པའི་སྐོར་འཕགས་བོད་འཛའ་འབྲེལ་ཚོགས་པ་དང་། ཚོང་ལས་མཐུན་ཚོགས། ཟ་ཁང་དང་མགྲོན་ཁང་མཐུན་ཚོགས། གླ་སྤྱོད་གླང་འཁོར་མཐུན་ཚོགས། སྣུམ་འཁོར་མཐུན་ཚོགས། རྐང་འགྲུལ་དང་རི་འཛེགས་ཚོགས་པ། རྡ་སྟེང་ཡར་རྒྱས་ཚོགས་པ་བཅས་ཐུན་མོང་གིས་འབོད་སྐུལ་ཞུས་འདུག
དེ་བཞིན་ཕྱི་ཚེས་ ༢༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་རྣམ་གཉིས་ཀྱིས་རྒྱ་གར་ཚོགས་སྐྱིད་ཁག་གི་སྐུ་ཚབ་རྣམ་དང་ལྷན་ལོགས་སུ་མཇལ་འཕྲད་གནང་འདུག སྐབས་དེར་ནང་སྲིད་བཀའ་བློན་མཆོག་གིས་བོད་མི་རྣམས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་དུས་ཚིགས་འདིར་རྒྱ་གར་ཡུལ་མི་རྣམས་ཀྱིས་བོད་མིར་གདུང་སེམས་མཉམ་སྐྱེ་དང་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བཏོན་པར་ཡི་རང་བསྔགས་བརྗོད་གནང་འདུག་པ་བཅས།།