༢༠༡༣ ཟླ་ ༩ ཚེས་ ༢༠ རེས་གཟའ་པ་སངས།
༄༅། །རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐོག་རྒྱའི་བཙན་འོག་གི་བོད་པའི་རྩོམ་པ་པོ་དག་གི་གནས་སྟངས་ཞུ་གཏུག་དང་། བོད་ནང་གི་ཛ་དྲག་གནས་བབ་སྐོར་ལ་རྒྱབ་སྐྱོར་དགོས་པའི་གྲོས་ཆོད་དོན་ཚན་བདུན་ཅན་ཞིག་སྤྱི་མོས་ཐོག་བཞག་འདུག
དེ་ཡང་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༡༩ ཉིན་གྱི་སྔ་དྲོ་རྡ་སར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་པེན་ཡན་ལག་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལས་ཁུངས་སུ་ཚོགས་པ་དེའི་ཚོགས་གཞོན་སྤྲོ་ཚིགས་ཆོས་གྲགས་ལགས་དང་། དྲུང་ཆེ་གཡུ་སྒང་འོད་ཟེར་ལགས་གཉིས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ། ཕྱི་ཟླ་ ༩ ཚེས་ ༩ ནས་ ༡༢ ཉིན་བར་ཡུ་རོབ་ཀྱི་ཨ་ཡེ་སི་ལན་ཌིའི་ (Iceland)རྒྱལ་ས་རེཀ་རྗ་ཝེཀ་ནང་ཚོགས་ པའི་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༧༩ པའི་ཐོག་མཉམ་ཞུགས་གནང་སྐོར་གསུངས་ཡོད།
ཚོགས་ཆེན་ཐོག་རྒྱ་དམར་གཞུང་གིས་བཙོན་འཇུག་བྱས་པའི་བོད་མི་རྩོམ་པ་པོ་དང་སྒྱུ་རྩལ་པ་བཞི་བཅུ་ལྷག་ཡོད་པ་རྣམས་གློད་བཀྲོལ་དང་རང་དབང་སྤྲོད་དགོས་པ། དེ་བཞིན་བོད་མི་བརྒྱ་དང་ཉི་ཤུས་རང་སྲེག་ངོ་རྒོལ་བྱས་པའི་ཐད་རྒྱ་དམར་གཞུང་གིས་བསྐྱར་ཞིབ་དང་རང་དབང་ལྡན་པའི་གསར་འགོད་པ་ས་གནས་སུ་རྟོག་ཞིབ་ཆེད་འགྲོ་བསྐྱོད་བྱེད་དུ་འཇུག་དགོས་པ། བོད་ནང་གི་སྨྲ་བརྗོད་རང་དབང་དང་། སྐད་ཡིག་ཉམས་རྒུད་ཀྱི་གནད་དོན། ཆོས་ལུགས་སློབ་སྦྱོང་དང་ཉམས་ལེན་གྱི་རང་དབང་སོགས་འཁོད་པའི་གྲོས་ཆོད་དོན་ཚན་བདུན་ཅན་ཞིག་སྤྱི་མོས་བཞག་ཡོད་པ་རེད།
རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་གྲོས་ཆོད་འདི་དག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཙོས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་འབུལ་རྒྱུ་ཡིན་པ་དང་། དེ་བཞིན་རྒྱ་ནག་གཞུང་སོགས་འབྲེལ་ཡོད་སྲིད་གཞུང་དང་གཞུང་ཚབ་ཁག་ལ་སྤྲོད་རྒྱུ་དང་། རྒྱལ་སྤྱིའི་པེན་གྱི་ཡན་ལག་རྩོམ་པ་པོའི་མཐུན་ཚོགས་ཁག་གི་དྲ་རྒྱ་སོགས་སུ་ འགྲེམས་སྤེལ་བྱ་རྒྱུ་ཡིན་པ་རེད།
ཚོགས་ཆེན་དེའི་ཐོག་འཛམ་གླིང་རྒྱལ་ཁབ་ཁག་གི་རྩོམ་པ་པོའི་མཐུན་ཚོགས་ཁག་བདུན་ཅུའི་སྐུ་ཚབ་རྩོམ་པ་པོ་མི་༡༩༦ མཉམ་ཞུགས་བྱས་ཡོད་པ་དང་། རྒྱ་ནག་སྐམ་སའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་སྐུ་ཚབ་མི་དྲུག་ཀྱང་མཉམ་ཞུགས་བྱས་ཡོད་འདུག
ཚོགས་གཞོན་སྤྲོ་ཚིགས་ཆོས་གྲགས་ཀྱིས་བོད་དོན་དང་འབྲེལ་བའི་གྲོས་ཆོད་ཁག་འཇོག་སྐབས། རྒྱ་ནག་གི་སྐུ་ཚབ་ཚོས་ཀྱང་དགག་པ་མ་བརྒྱབ་པ་མ་ཟད། ཚོགས་ཞུགས་པ་ཞིག་གིས་རྒྱ་ནག་གི་སྐུ་ཚབ་ལ་བོད་དོན་དང་འབྲེལ་བའི་གྲོས་ཆོད་སྐོར་ལ་བསམ་ཚུལ་གང་ཡོད་དྲིས་པར། ལན་འདེབས་གང་ཡང་བྱས་མེད་སྐོར་དང་། ཚོགས་ཆེན་དེའི་ཐོག་དྲང་བདེན་དང་། སྨྲ་བརྗོད་རང་དབང་། འགྲོ་བ་མིའི་ཐོབ་ཐང་སྐོར་སོགས་ཤོད་ཀྱི་ཡོད་པས། རྒྱ་ནག་གི་སྐུ་ཚབ་ཉམས་དམའ་བོ་ཆགས་ཡོད་སྐོར་འགྲེལ་བརྗོད་གནང་ཡོད།
པེན་རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་ནི་ཕྱི་ལོ་༡༩༢༡ ལོར་དབྱིན་ཇིའི་རྒྱལ་ས་ལིན་ཌོན་དུ་གསར་དུ་བཙུགས། ད་ལྟའི་ཆར་འཛམ་གླིང་གི་རྒྱལ་ཁབ་ཁག་ཏུ་ཡན་ལག་གི་རྩོམ་པ་པོའི་མཐུན་ཚོགས་ཁག་བརྒྱ་དང་ཞེ་བཞི་ཡོད་ཅིང་། ད་རེས་ཀྱི་ཚོགས་ཆེན་ཐོག་རྒྱ་གར་དང་འབར་མའི་རྩོམ་པ་པོའི་མཐུན་ཚོགས་གཉིས་ རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཡན་ལག་ཏུ་ཞུགས་ཐུབ་པ་བྱུང་ཡོད་པ་རེད།
གྲོས་ཆོད་ཁག་ནི།
༡ རྩོམ་འབྲི་དང་སྒྱུ་རྩལ་གྱི་ཞི་བའི་ཐབས་ལམ་ལ་བརྟེན་ནས་སྨྲ་བརྗོད་རང་དབང་རྩོད་ལེན་བྱས་པ་ཙམ་ལས་གཞན་ནག་ཉེས་གང་ཡང་མེད་པར་བོད་ནང་བཙོན་འཇུག་བྱས་པའི་བོད་མི་རྩོམ་པ་པོ་སྒྲོལ་མ་སྐྱབས་དང་། བཀྲ་ཤིས་རབ་བརྟན། མགར་རྩེ་འཇིགས་མེད། འཇང་རྩེ་དོན་ཁོ་སོགས་བོད་རིགས་རྩོམ་པ་པོ་དང་། གཞས་པ། སྒྱུ་རྩལ་བ་ཡོངས་རྫོགས་ཆ་རྐྱེན་གང་ཡང་མེད་པར་འཕྲལ་དུ་གློད་བཀྲོལ་གཏོང་དགོས།
༢ བོད་རིགས་རྩོམ་པ་པོ་ཚེ་རིང་འོད་ཟེར་དང་འཇམ་དབྱངས་སྐྱིད་སོགས་ལ་ཕར་ཚུར་འགྲོ་བསྐྱོད་དང་སྤྱི་ཚོགས་འབྲེལ་ལམ་གྱི་རང་དབང་མེད་པ་དང་། ཁོང་ཚོའི་ལུས་སེམས་ཀྱི་བདེ་སྡུག་ལ་འགོག་རྐྱེན་བཟོ་བཞིན་པའི་བཀག་སྡོམ་དེ་དག་འཕྲད་དུ་ཕྱིར་འཐེན་བྱེད་དགོས།
༣ བོད་མིའི་རང་སྲེག་ངོ་རྒོལ་གྱི་རྒྱུ་རྐྱེན་གང་ཡིན་ཐད་དྲང་བདེན་དང་ཕྱི་གསལ་ནང་གསལ་གྱི་ཐོག་ནས་རྟོག་ཞིབ་བྱེད་དགོས་པ་མ་ཟད། རང་དབང་ལྡན་པའི་རྒྱལ་སྤྱིའི་གསར་འགོད་པ་ཚོར་བོད་ནང་གི་ས་གནས་སུ་རྟོག་ཞིབ་ཆེད་བསྐྱོད་ཆོག་པའི་རང་དབང་སྤྲོད་དགོས།
༤ བོད་མི་ཚོར་རང་གི་སྐད་ཡིག་སྲུང་སྐྱོབ་བྱེད་ཆོག་པའི་ཐོབ་ཐང་སྤྲོད་དགོས། བོད་ཀྱི་སྐད་ཡིག་ནི་བོད་མིའི་ཁྱད་རྟགས་ངོ་མ་དེ་ཡིན་པར་མ་ཟད། དེའི་ནང་འཛམ་གླིང་གི་རྩ་ཆེའི་གཅེས་ནོར་བོད་བརྒྱུད་ནང་བསྟན་ཆ་ཚང་ལྡན་ཡོད་པ་རེད། བོད་མི་ཚོར་ཐེ་བྱུས་གང་ཡང་མེད་པར་བོད་མི་རང་ཉིད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་། བེད་སྤྱོད། དེ་བཞིན་སློབ་སྦྱོང་བྱེད་ཆོག་པའི་རྒྱུའི་རང་དབང་དང་ཐོབ་ཐང་སྤྲོད་དགོས།
༥ བོད་ནང་བོད་པའི་གྲྭ་བཙུན་རྣམས་ལ་ནང་ཆོས་སློབ་གཉེར་དང་ཉམས་ལེན་བྱེད་རྒྱུར་བཀག་འགོག་བྱས་ཡོད་པ་དེ་དག་མཚམས་འཇོག་དང་བོད་ནང་ཆོས་དད་རང་དབང་སྤྲོད་དགོས། བོད་བརྒྱུད་ནང་བསྟན་གྱི་ལྟ་གྲུབ་ནི་བོད་རིགས་དང་རྒྱ་རིགས་དེ་བཞིན་མི་ རིགས་གཞན་སོགས་འགྲོ་བ་མིའི་སྤྱི་ཚོགས་ཀྱི་ཆ་ཤས་གཞི་རྒྱ་ཆེན་པོ་ཞིག་ལ་ཕན་ཐོགས་རྒྱ་ཆེར་སྐྲུན་བཞིན་པའི་རིག་གནས་གལ་ཆེན་ཞིག་ཡིན།
༦ བོད་ནང་བོད་རིགས་ཡོངས་ལ་ཁྲིམས་ཆད་དམ་དྲག་གནོན་གྱིས་འཇིགས་སྣང་མེད་པར་སྨྲ་བརྗོད་རང་དབང་དང་། རྩོམ་འབྲི། སྒྱུ་རྩལ་གྱི་བསམ་བློ་ལག་ལེན་བྱེད་ཆོག་པའི་རང་དབང་སྤྲོད་དགོས།
༧ རྒྱལ་སྤྱིའི་མི་སེར་གྱི་ཐོབ་ཐང་དང་། ཆབ་སྲིད་ཀྱི་ཐོབ་ཐང་སོགས་ཀྱི་གཏན་འབེབས་ཡིག་ཆ་ཁག་དང་། དེའི་ཆ་རྐྱེན་རྣམས་རྒྱ་ནག་གི་ཁྲིམས་ལུགས་ནང་འཇུག་དགོས་བཅས་ཡིན་འདུག