༢༠༡༣ ཟླ་ ༩ ཚེས་ ༣༠ རེས་གཟའ་ཟླ་བ།
༄༅། །འདི་གར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢༨ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༤ པ་ཡོལ་ཙམ་ལ་བོད་མདོ་སྨད་རྔ་པ་རང་སྐྱོང་ཁུལ་རྔ་པ་རྫོང་སྒོ་མང་ཡུལ་ཚོའི་སྒོ་མང་མཐའ་བའི་ཞི་ཆུང་ལགས། རང་ལོ་ ༤༡ ཡིན་པ་ཁོང་གིས་རྔ་པ་ནས་མགོ་ལོག་ཕྱོགས་སུ་འཐེན་ཡོད་པའི་གཞུང་ལམ་དང་ཐག་ཉེ་བའི་རང་ཁྱིམ་གྱི་སྒོ་འགྲམ་ནས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་གིས་བོད་ཐོག་ལ་བཟུང་བའི་གཏིང་གནག་པའི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་གནང་བཞིན་གཞུང་ལམ་ཕྱོགས་སུ་གོམ་པ་བཞི་བཅུ་ཙམ་བརྒྱུགས་ཡོད་ཅིང་།
མཐར་ས་གནས་དེ་གར་མེ་དཔུང་གི་ཁྲོད་ནས་སྐུ་སྲོག་ཤོར་ཡོད་འདུག་ལ། སྐབས་ཐོག་དེར་ས་གནས་སུ་མཎ་སྟོན་འཚོགས་ནས་ཡོད་པའི་སྒོ་མང་མཐའ་བའི་མི་མང་གིས་ཀི་ལྡིར་བྱེད་བཞིན་དམ་པ་ཁོང་གི་སྐུ་ཕུང་བདག་ཉར་བྱེད་དུ་བརྒྱུགས་ཡོད་ཀྱང་། མཎ་སྟོན་འཚོགས་སར་ཆེད་དུ་ལྟ་རྟོག་བྱེད་མཁན་དུ་སླེབས་པའི་རྒྱ་གཞུང་གི་ཉེན་རྟོག་པ་སོགས་ཀྱིས་མི་མང་ལ་མེ་མདའ་ཚད་ནས་འགྲོ་མ་བཅུག་པར་འཁྲུག་པ་ཆེན་པོ་ཤོར་གྲབས་བྱས་སྐབས། སྡེ་བའི་མི་སྐྱ་རྒན་པ་རྣམས་ཀྱིས་རོ་གཅིག་གི་སྒང་ལ་གཉིས་ཀྱི་སྣོན་མར་ཆགས་ཉེན་ཆེ་བས་སྤྱི་སྒེར་གཉིས་ཀར་སྡུག་ཐོག་སྡུག་རྩེགས་མ་གཏོགས་མི་ཡོང་བས་ཞི་འཇམ་བྱེད་དགོས་པའི་འབོད་སྐུལ་རིམ་པར་བྱས་ཤིང་། རྒྱ་གཞུང་ལ་ཡང་བཙན་ཤེད་ཁོ་ནས་ཡོང་ཐབས་མེད་ཚུལ་ནན་གྱིས་བཤད་མཐར་རྒྱལ་གཅེས་དཔའ་བོ་ཁོང་གི་སྐུ་ཕུང་རང་ཁྱིམ་དུ་ཅུང་ཙམ་རིང་འཇོག་བཅུགས་ན་ཡང་། རྗེས་སུ་ཉེན་རྟོག་པ་སོགས་ཀྱིས་བཙན་ཁྱེར་བྱས་ནས་རྔ་བ་རྫོང་མཁར་གྱི་ཕྱོགས་སུ་རླངས་འཁོར་ནང་དུ་ཁྱེར་ཡོད་འདུག ཉིན་ཤས་སྔོན་རྒྱལ་གཅེས་དཔའ་བོ་ཁོང་གིས་རང་གི་གྲོགས་པོ་མང་པོར་རྒྱ་ཚང་གིས་སྡོད་འཇུག་ས་མ་རེད་”ཟེར་ནས་ཐེངས་མང་བཤད་འདུག་ལ། དེ་རིང་ཉིན་རྒྱབ་མཎ་སྟོན་འཚོགས་ས་ནས་རང་ཁྱིམ་དུ་སོང་དེ་༸གོང་ས་མཆོག་གི་སྐུ་པར་ཞིག་གི་མདུན་དུ་མཆོད་མེ་ཞིག་ཕུལ་ཡོད་འདུག ཁོང་གི་བཟའ་ཟླའི་མིང་ལ་པ་ལོ་ཟེར་ཞིང་། རང་ལོ་༣༩ ཙམ་ཡིན་པ་དང་། ཁོང་གཉིས་ལ་བུ་མོ་རང་ལོ་༡༨ ཅན་ཞིག་དང་། བུ་རང་ལོ་༡༤ ཅན་གཉིས་ཡོད་འདུག ཁོང་ཚང་གི་འཚོ་རྟེན་གཙོ་བོ་ཞིང་ལས་ཡིན་ཡང་། ཁོང་གིས་རྒྱུན་དུ་རང་ཁྱིམ་ནས་ཡུལ་མི་རྣམས་ལ་ཉེ་བར་མཁོ་བའི་གྱོན་ཆས་འདྲ་མིན་བཟོས་ཏེ་སྨོན་ལམ་ཆེན་མོའི་སྐབས་སོགས་མི་ཚོགས་འདུ་འཛོམས་ཆེ་སྐབས་ཐང་ཁྲོམ་བཏོན་ནས་འཚོང་བཞིན་ཡོད་འདུག་ལ། དམིགས་བསལ་ཚེམ་བཟོའི་ཐོག་ལག་རྩལ་ཡག་པོ་ཡོད་པ་ཞིག་ཡིན་འདུག གནས་ཚུལ་མཐའ་མ་འབྱོར་སྐབས་སྡེ་བའི་སྐྱ་སེར་མང་པོ་ཞིག་རྒྱལ་གཅེས་དཔའ་བོ་ཁོང་གི་ཁྱིམ་དུ་ཕར་འགྲོ་ཚུར་ཡོང་བྱེད་བཞིན་ཡོད་པ་རྣམས་བཀག་འགོག་དང་དམིགས་བསལ་དམ་བསྒྲགས་བྱས་མེད་ནའང་། ས་གནས་སུ་ཉེན་རྟོག་པ་མང་པོ་འབྱོར་བཞིན་ཡོད་འདུག་པ་བཅས།