༢༠༡༣ ཟླ་ ༩ ཚེས་ ༢༧ རེས་གཟའ་སྤེན་པ།
༄༅། ། འདི་གར་བོད་མི་མང་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢༨ ཉིན་བཏང་གནས་ནང་འཁོད་དོན། བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ས་གནས་ཁྲིམས་ཞིབ་པ་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས། ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢༠ ཉིན་སྔ་དྲོའི་ཆུ་ཚོད་ ༡༠ པའི་ཐོག་མི་མང་ཚོགས་ཁང་དུ་སྦིར་ནང་ཆེན་ཅོན་ཏ་ར་ས་གནས་འཐུས་ཚོགས་སྐབས་བརྒྱད་པའི་འདེམས་ཐོན་ཚོགས་མི་རྣམས་དང་། ཚོགས་གཙོ་ཚོགས་གཞོན་བཅས་ཀྱི་དམ་བཅའ་འབུལ་བཞེས་ཀྱི་གནང་སྒོ་ཁག་ལེགས་གྲུབ་བྱུང་ཡོད་པ་དང་། ཉིན་དེའི་ཕྱི་དྲོའི་ཆུ་ཚོད་ ༣་༣༠ ནས་ ༥ བར་ཁུལ་དེའི་སེར་སྐྱ་མི་མང་ལ་སམ་བྷོ་ཊ་སློབ་གྲྭའི་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་ཁག་གི་སྐོར་གཏམ་བཤད་ཞུས་པ་དང་། དེའི་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཕྱི་ལོ་ ༢༠༡༢།༡༠།༡༩ དང་ཕྱི་ལོ་ ༢༠༡༢།༡༡།༢༡ འཁོད་པའི་གསལ་བསྒྲགས་ཁག་གཉིས་མི་མང་ལ་གསལ་བསྒྲགས་ཞུས་ཡོད་པ་དང་། ཚེས་ ༢༡ ཕྱེད་ཡོལ་ཆུ་ཚོད་ ༡༢ ནས་ ༢ བར་སྦིར་སྡེ་དགེ་ས་གནས་འགོ་འཛིན་ཁྱབ་ཁོངས་ཅོན་ཏ་ར་བོད་ཁྱིམ་སློབ་གྲྭའི་དགེ་ལས་སློབ་ཕྲུག་རྣམ་པར་སློབ་གྲྭའི་ཚོགས་ཁང་དུ་གོང་བཞིན་ཁྲིམས་ལུགས་སྐོར་གོ་རྟོགས་སྤེལ། ཡང་དེ་ཉིན་ཕྱི་དྲོའི་ཚོུད་ ༣ ནས་ ༥ བར་སུ་ཇ་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་དགུ་པ་ཡན་དང་། དགེ་ལས་ཡོངས་ལ་གོང་བཞིན་ཁྲིམས་ལུགས་གོ་རྟོགས་སྤེལ། གོང་གསལ་ས་གནས་འགོ་འཛིན་རྣམས་ནས་ཁྲིམས་ལུགས་གོ་རྟོགས་སྤེལ་རྒྱུའི་ལས་རིམ་ཁག་ལ་ཕྱག་རོགས་གང་ལེགས་གནང་ཡོད་པ་མ་ཟད། ཁྲིམས་ལུགས་གོ་རྟོགས་སྤེལ་སྐབས་མི་མང་དང་སློབ་ཕྲུག་ཚང་མས་དོ་སྣང་ཧ་ཅང་ཆེན་པོ་གནང་ཡོད་པ།།