༢༠༡༣ ཟླ་ ༩ ཚེས་ ༢༦ རེས་གཟའ་ཕུར་བུ།
༄༅། །བོད་ནང་དུ་རྒྱ་ནག་གིས་བཙན་འཛུལ་མ་བྱས་གོང་བོད་གཞུང་ནང་ཞབས་ཞུ་གནང་མྱོང་མཁན་དགུང་གྲངས་ ༩༠ སོན་པ་ཕྱི་གླིང་བ་ཐོག་མ་སྐུ་ཞབས་རོ་སྦར་ཊི་ཕོརཌ་ Mr Robert Ford མཆོག་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢༠ ཉིན་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་མིའི་སྒྲིག་འཛུགས་ཀྱིས་ཧ་ཅང་བློ་ཕམ་དང་སྦྲགས་མྱ་ངན་གུས་འདུད་ཞུས་ཡོད། སྐུ་ཞབས་རོ་སྦར་ཊི་ཕོརཌ་མཆོག་ཕྱི་ལོ་ ༡༩༤༥ ལོར་ལྷ་སར་རྒྱ་གར་དབྱིན་གཞུང་གི་དོན་གཅོད་ཁང་ British Mission in Lhasa དུ་རླུང་འཕྲིན་དང་ཏར་འཕྲིན་རྒྱང་སྲིང་གི་ལས་དོན་ཆེད་བོད་དུ་ཐོག་མར་ཕེབས་ཡོད། སྐབས་དེར་དམ་པ་ཁོང་གིས་ཕྱི་ལུགས་ལྟར་དགུང་གྲངས་ ༡༡ ཕེབས་པ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོག་མ་ཞུས་ཡོད། ཕྱི་ལོ་ ༡༩༤༧ ལོར་བོད་གཞུང་གིས་ ལས་བཀོད་གནང་བ་བཞིན་བོད་གཞུང་གི་གཞུང་ཞབས་མཚན་གནས་ཐོག་བོད་ནང་རླུང་འཕྲིན་དང་ཏར་འཕྲིན་རྒྱང་སྲིང་ལས་ཁུངས་གསར་འཛུགས་ཀྱི་ལས་གཞི་ཡོངས་རྫོགས་འགན་འཁུར་རྐང་བཞེས་གནང་སྟེ་བོད་ནང་ཏར་འཕྲིན་གསར་འཛུགས་གནང་།
ལྷ་སར་ལོ་གཅིག་ཞབས་ཕྱི་ཞུས་རྗེས་གཞུང་གི་བཀོད་མངགས་ལྟར་ལྷ་ས་དང་ཆབ་མདོ་དབར་རྒྱང་སྲིང་མཐུད་རྒྱུ་དང་། བོད་ས་ཡོངས་སུ་རྒྱང་སྲིང་འབྲེལ་མཐུད་ཡོང་ཆེད་ཕྱི་ལོ་ ༡༩༤༩ ལོར་དམ་པ་ཁོང་སློབ་ཕྲུག་གསུམ་དང་ལྷན་དུ་བྱང་ལམ་བརྒྱུད་ཆབ་མདོར་བསྐྱོད། དམ་པ་ཁོང་ནི་བྱང་ལམ་བརྒྱུད་ནས་ཆབ་མདོར་ཕེབས་མཁན་ཕྱི་གླིང་པ་ཁོ་ན་ཆགས་ཡོད།
ཕྱི་ལོ་ ༡༩༥༠ ལོར་རྒྱ་ནག་བཙན་འཛུལ་དམག་གིས་ཁོང་དང་ལྷན་གཞུང་ཞབས་པ་གཞན་ཁག་གཅིག་འཛིན་བཟུང་བྱས་ནས་བཙོན་དུ་བཅུག་ཀྱང་། ཕྱི་ལོ་ ༡༩༥༤ ལོར་དམ་པ་ཁོང་ལ་རང་གི་ཕ་མར་ཡི་གེ་གཏོང་རྒྱུའི་གོ་སྐབས་ཐོག་མ་ཕུལ་ཡོད་ཀྱང་། ཕྱི་ལོ་ ༡༩༥༤ ལོ་མཇུག་ཏུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཁོང་ལ་གསང་བ་རྐུ་འཁྱེར་ཐོག་ཕྱིར་གྱར་བྱས་པ་དང་། གུང་ཁྲན་ཏང་ལ་ངོ་རྒོལ་གྱི་བྱུས་ངན་བཤམས་པ། དེ་བཞིན་དགེ་སྟག་སྤྲུལ་སྐུ་བཀྲོངས་པ་སོགས་ཉེས་མེད་ཉེས་འཛུགས་འོག་ལོ ༡༠ བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད། འོན་ཀྱང་དམ་པ་ཁོང་ཕྱི་ལོ་ ༡༩༥༥ ལོར་གློད་བཀྲོལ་བཏང་བར་བརྟེན་ལོ་ལྔ་ཙམ་མ་གཏོགས་བཙོན་དུ་བཞུགས་དགོས་བྱུང་མེད། བཙོན་དུ་བཞུགས་རིང་དམ་པ་ཁོང་དུས་རྟག་ཏུ་སྲོག་ཁྲིམས་ལ་འཇིགས་སྣང་གནང་དགོས་པ་དང་། བསམ་བློའི་བཅོས་སྒྱུར་ཟེར་བའི་སློབ་གསོའི་སྦྱོང་བརྡར་འོག་དཀའ་སྡུག་མྱངས་ཡོད། ཕྱི་ལོ་ ༡༩༥༧ ལོར་ཁོང་རང་ཉིད་ཀྱི་ཉམས་མྱོང་དང་འབྲེལ་ནས་ ‘བོད་ནང་འཛིན་བཟུང་’ ‘Captured in Tibet’ ཞེས་པའི་དེབ་གཅིག་བརྩམས་འགྲེམས་གནང་བ་དང། ཕྱི་ལོ་ ༡༩༩༠ ལོར་དེབ་དེ་རང་སླར་ཡང་སྤྱི་ནོར་༸གོང་ས་ ༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆེད་བརྗོད་སྩལ་བ་དང་བཅས་དཔར་འགྲེམས་ཞུས་པ་མ་ཟད། ‘བོད་ནང་འཛིན་བཟུང་’ཞེས་པའི་དཔེ་དེབ་ཀྱི་མཇུག་རྩོམ་ཆེད་བཙན་འཛུལ། ‘The Occupation’ཞེས་པ་བརྩམས།
ཕྱི་ལོ་ ༡༩༥༧ ལོར་དབྱིན་ཡུལ་གྱི་ཕྱི་སྲིད་ལས་ཁུངས་ཀྱི་ལས་བྱེད་ཁོངས་སུ་འཛུལ་ཞུགས་བྱས་པ་དང། ཕྱི་ལོ་ ༡༩༨༣ ལོ་བར་ ཝི་ཏི་ནམ་དང་Vietnam ཨིན་ཌོ་ནེ་ཤི་ཡ། Indonesia ཨ་རི། U.S.A མོ་རོ་ཀོ Morocco ཨེང་གོ་ལ་ Angola ཕ་རན་སི་ France སུ་ཝི་ཌེན་ Sweden དང་། མཐའ་མ་སུད་སི་ཇི་ནི་ཝ་རུ་དབྱིན་ཇིའི་གཞུང་གི་གཞུང་ཚབ་བཅས་ཀྱི་འགན་འཁུར་ཞུས། ཕྱི་ལོ་ ༡༩༨༢ ལོར་ཁོང་གིས་གཟེངས་སུ་ཐོན་པའི་ལས་དོན་བསྒྲུབས་པར་བརྟེན་ ནས་ Commander of the Order of the British Empire ཞེས་པའི་ཆེས་མཐོའི་གཟེངས་རྟགས་འཐོབ།
དམ་པ་ཁོང་ནི་ Tibet Society ཞེས་འཛམ་གླིང་ནང་བོད་དོན་རྒྱབ་སྐྱོར་ ཚོགས་པ་ཐོག་མ་དབུ་བརྙེས་མཁན་གྲས་ཤིག་ཡིན་པ་དང་། ད་ལམ་འདས་གྲོངས་སུ་མ་སོང་བར་ཚོགས་པ་དེའི་ཚོགས་གཞོན་མཚན་གནས་ཐོག་འགན་འཁུར་རྒྱུན་མཐུད་གནང་ཡོད་པ་དང་། བོད་དོན་ཐོག་རྩོམ་སྒྲིག་དང་གསུང་བཤད་སོགས་དབྱིན་ཡུལ་དང་ཡུ་རོབ། ཨོ་སི་ཊོ་ལི་ཡ། ཨ་རི་སོགས་འཛམ་གླིང་ཕྱོགས་གང་སར་གནང་ཡོད། ཁོང་གིས་བོད་རང་བཙན་ཡིན་པའི་གནས་སྐབས་ཀྱི་དཔང་པོ་གཙོ་བོ་ཁོང་ རང་ཡིན་སྐོར་ཐེངས་མང་གསུང་མྱོང་ཡོད་པ་མ་ཟད། ཕྱི་ལོ་ ༡༩༩༢ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་འོག་དམ་པ་ཁོང་གིས་རྒྱ་གར་དམག་མིའི་མཐོ་སློབ་དང་མཐོ་རིམ་སློབ་གྲྭ་གཞན། དེ་བཞིན་རྒྱ་གར་གྱི་གྲོས་ཚོགས་འོག་མ་སོགས་ཀྱིས་གཙོས་རྒྱ་གར་རྒྱལ་ཡོངས་སུ་བོད་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་པའི་གཏམ་བཤད་གནང་ཡོད། སྐབས་དེར་རྒྱ་གར་གཞུང་གིས་རྒྱ་ནག་གི་སྲིད་བློན་ལི་པང་ Chinese Premier Li Peng རྒྱ་གར་ནང་འབྱོར་བ་དང་བསྟུན། དམ་པ་ཁོང་དང་ལྕམ་སྐུ་མོ་ནི་ཀ་ Monica མཆོག་བཞུགས་སྒར་དུ་བཟང་བཙོན་འོག་བཀག་བསྡོམས་བྱས་ཡོད། ཕྱི་ལོ་ ༡༩༩༦ ཟླ་ ༧ ཚེས་ ༡༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དབྱིན་ཡུལ་གྱི་ རྒྱལ་མོ་ Her Majesty Queen Elizabeth མཆོག་མཇལ་འཕྲད་མཛད་རྒྱུའི་ཐོག་གོ་སྒྲིག་ཞུ་སྒོ་ལེགས་པར་ཞུས་ཡོད།
འདི་ལོ་ཟླ་ ༣ ཚེས་ ༢༡ ཉིན་དབྱིན་ལེན་ཌི་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག་ཁོང་གི་གཉེན་ ཉེ་དང་དབྱིན་ཡུལ་ཁུལ་གནས་སྡོད་བོད་མི་རྣམས་ཀྱིས་སྐུ་ཞབས་ Robert Ford མཆོག་དགུང་ལོ་ ༩༠ ལ་ཕེབས་པའི་སྐྱེས་སྐར་སྔ་སྣུར་གྱིས་ཕྱི་ཟླ་ ༣ ཚེས་ ༢༣ ཉིན་སྲུང་བརྩི་ཞུས་ཡོད་པ་དང་། སྐབས་དེར་ཁོང་དེ་སྔོན་བོད་གཞུང་དགའ་ལྡན་ཕོ་བྲང་གི་གཞུང་ཞབས་གནང་ མྱོང་བའི་དྲན་རྟེན་ཆེད་དུ་བོད་དངུལ་དངུལ་སྲང་ ༡༠༠ ཐམ་པ་ཕུལ་ཡོད་འདུག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༣ ཉིན་སུད་སིར་བོད་དོན་རྒྱབ་སྐྱོར་བ་རོ་བྷ་ཊི་ཕོ་ཌི་སོགས་ཕྱི་རྒྱལ་གྱི་མི་སྣ་ལྔར་བདེན་པའི་འོད་སྣང་གི་གཟེངས་རྟགས་གསོལ་རས་སྩལ་ཡོད། སྐབས་དེར་༸གོང་ས་མཆོག་གིས་ཁོང་རྣམ་པ་རེ་རེ་བཞིན་མིང་འབོད་མཛད་དེ་མཇལ་དར་གསོལ་རས་སྩལ་བ་དང་སྦྲགས་བཀའ་སློབ་ཕེབས་དོན། ཁྱེད་རྣམ་པ་ཚང་མས་ཡུན་རིང་ནས་བོད་མིར་ཤ་ཚའི་ཐོག་ནས་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པར་བརྟེན། ང་ཚོ་བོད་མི་ཚོས་བཀའ་དྲིན་བསམ་ཤེས་བྱེད་བཞིན་ཡོད། ཁྱེད་ཚོས་མཁྱེན་གསལ་ལྟར་བོད་མི་རིགས་ཀྱི་འདུ་ཤེས་དེ་ནམ་ཡང་ཉམས་པ་མེད། བོད་མིའི་འཐབ་རྩོད་དེ་བདེན་པར་གཞི་བཅོལ་བར་བརྟེན་རྒྱལ་ཁ་ཐོབ་ངེས་པ་ཆགས་ཡོད། གང་ཡིན་བརྗོད་ན་བདེན་པར་ནུས་པ་ཧ་ཅང་ཡོད། ཅེས་བཀའ་སྩལ་བ་དང་སྦྲགས་གཟེངས་རྟགས་གསོལ་རས་སྩལ་ཡོད།།