༢༠༡༣ ཟླ་ ༩ ཚེས་ ༡༡ རེས་གཟའ་ལྷག་པ།
༄༅། །བི་བི་སི་གསར་ཁང་གི་གནད་དོན་དབྱེ་ཞིབ་གནང་མཁན་གྱི་གསར་འགོད་པ་ཞིག་གིས་ལྷ་སའི་ནང་གི་དམ་བསྒྲགས་གནས་སྟངས་གསལ་སྟོན་གནང་བ་དང་འབྲེལ་བོད་མི་ཚོར་ཕྱིར་སྐྱོད་ཀྱི་རང་དབང་མེད་སྐོར་གསུངས་འདུག
དེ་ཡང་(BBC)བི་བི་སི་གསར་ཁང་གི་གནད་དོན་དབྱེ་ཞིབ་གནང་མཁན་ས་གནས་གསར་འགོད་པ་ཁག་གི་ས་ཁུལ་སོ་སོའི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གནས་བབ་ལ་རྟོབ་ཞིབ་ཀྱིས་གནས་ཚུལ་སྤེལ་ཡུལ་གྱི་གླེང་སྟེགས་ནིའུ་ཧོ་ར་ཛིན་ཞེས་པའི་སྟེང་འདི་ཟླའི་ཕྱི་ཚེས་ ༥ ཉིན་སྤེལ་བའི་ནང་། བི་བི་སི་གསར་ཁང་གི་གསར་འགོད་པ་དང་གནད་དོན་དབྱེ་ཞིབ་གནང་མཁན་གྱི་རྩོམ་པ་པོ་ལྕམ་སྐུ་སི་ཌ་ཀུ་ཊ་སེ་ལགས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་སའི་སྤྱི་ཚོགས་ཀྱི་གནས་བབ་ལ་ཆབ་སྲིད་ཀྱི་ཤུགས་རྐྱེན་གང་འདྲ་ཐེབས་མིན་རྟོག་ཞིབ་གནང་བ་བརྒྱུད་ལྷ་སའི་ནང་གི་དམ་བསྒྲགས་གནས་སྟངས་གསལ་སྟོན་གནང་འདུག་པ་མ་ཟད། རྒྱ་ནག་གཞུང་གི་དམ་བསྒྲགས་འོག་བོད་མི་རྣམས་རྒྱལ་ཁབ་གཞན་དུ་བསྐྱོད་རྒྱུའི་རང་དབང་རག་གི་མེད་པ་དང། ལྷ་སའི་སྤྱི་ཚོགས་དང་བོད་མིའི་ཐོག་རྒྱ་ནག་གཞུང་གིས་ཧ་ཅང་དམ་བསྒྲགས་ཆེན་པོ་བྱེད་ཀྱི་འདུག ཁྲོམ་གཞུང་གི་ལམ་བར་དུ་ལུས་བཤེར་གྱི་འགག་སྒོ་མང་བ་མ་ཟད། གསང་བའི་པར་ཆས་ཀྱང་མང་པོ་འདུག ལྷག་པར་ལྷ་སའི་ནང་བོད་རིགས་དང་རྒྱ་རིགས་གཉིས་ཀྱི་མི་འབོར་མང་ཉུང་ལ་གཞིགས་ན། བོད་རིགས་གཅིག་ལ་རྒྱ་རིགས་བརྒྱད་ཙམ་ཆ་སྙོམས་ཀྱི་ཡོད་སྐོར་སོགས་གསུངས་འདུག