༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༡༤ ཉིན་གྱི་སྔ་དྲོར་སུད་སི་རྒྱལ་ཡོངས་བོད་སློབ་ཉིན་མོའི་དུས་དྲན་དང་སྟབས་བསྟུན་ཏེ། ཡུ་རོབ་བོད་སློབ་ཁག་ཐུན་མོང་གིས་སྐུའི་གཅུང་མོ་བཀའ་ཟུར་ལྷ་སྐུ་རྗེ་བཙུན་པདྨ་མཆོག་ལ་ཤེས་རིག་སྒྲོན་མེའི་གཟེངས་རྟགས་ཕུལ་འདུག
དེ་ཡང་ཉིན་དེར་ཡུ་རོབ་བོད་སློབ་ཁག་ཐུན་མོང་གི་གོ་སྒྲོག་འོག སུད་སི་ས་གནས་ཨུ་ཙུ་ཝེལ་གྱི་ཚོགས་ཁང་དུ། སྐུའི་གཅུང་མོ་བཀའ་ཟུར་ལྷ་སྐུ་རྗེ་བཙུན་ན་པདྨ་མཆོག་ལ་ ༼ཡུ་རོབ་བོད་སློབ་ཐུན་མོང་གི་ཤེས་རིག་སྒྲོན་མེའི་གཟེངས་རྟགས།༽ ཞེས་པ་དེ་འབུལ་ལམ་ཞུས་འདུག མཛད་སྒོའི་སྐུ་མགྲོན་གཙོ་བོར་སུད་སི་རི་ཀོན་ཆོས་འཁོར་དགོན་གྱི་མཁན་པོ་མཆོག་དང་བླ་སྤྲུལ་དགེ་བཤེས། སུད་སིའི་སྐུ་ཚབ་དོན་གཅོད།
དེ་བཞིན་དམིགས་བསལ་སྐུ་མགྲོན་བཀའ་ཟུར་ལྷ་སྐུ་རྗེ་བཙུན་པདྨ་མཆོག་དབུ་བཞུགས་ཐོག ཡུ་རོབ་ཁུལ་གྱི་སྤྱི་ཟུར་རྣམ་པ་དང་སུད་སི་དང་ལིཀ་ཏེན་སི་ཊཡན་བོད་རིགས་མི་མང་གི་ཚོགས་གཙོ་ཚོགས་གཞོན་གཉིས། སྦེལ་ཇམ་སོགས་ཡུ་རོབ་ཀྱི་བོད་སློབ་གྲྭ་ཁག་གི་འགན་འཛིན་རྣམ་པ། ཆོལ་ཁ་གསུམ་གྱི་ཚོགས་གཙོ་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་བཅས་མི་མང་ ༡༠༠༠ བརྒལ་བ་མཉམ་འཛོམས་གནང་ཡོད་འདུག མཛད་སྒོའི་ཐོག་མར་སུད་སི་བོད་རིགས་མི་མང་གི་ཟློས་གར་ཚོགས་པས་རྔ་གླིང་དང་སྤོས་སྣེས་མདུན་བསུས་ཏེ་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་འདྲེན་ཞུས་ཤིང་། མི་མང་གིས་རྒྱལ་གླུ་བཏང་སྟེ་བོད་རིགས་སློབ་ཕྲུག་ཚོས་ཆོལ་གསུམ་མཐུན་སྒྲིལ་གྱི་མཉམ་གཞས་བཏང་། སུད་སི་བོད་རིགས་མི་མང་ཟློས་གར་ནས་ལྷ་མོ་འཁྲབ་སྟོན་གནང་རྗེས། སུད་སི་བོད་སློབ་སྤྱི་ཁྱབ་འགན་འཛིན་རྡོ་ཆུང་མགོན་པོ་རྣམ་རྒྱལ་ལགས་ཀྱིས་བོད་སློབ་ཉིན་མོ་དང་འབྲེལ་བའི་གསུང་བཤད་གནང་ཞིང་། སུད་སི་དང་ལིཀ་ཏེན་སི་ཊཡན་བོད་རིགས་མི་མང་གི་ཚོགས་གཙོ་གངས་གཞོན་ཚང་བློ་བཟང་ལགས། སུད་སི་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་བཅས་ཀྱིས་རིམ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་བདག་གཅེས་གནང་ཕྱོགས་ཐད་གསུང་བཤད་དང་། སུད་སི་ས་གནས་ཁག་གི་སློབ་ཕྲུག་རྣམས་ཀྱིས་གཞས་སྣ་འཁྲབ་སྟོན་གནང་སྟེ་ལས་རིམ་ཁག་གྲུབ་རྗེས། ཕྱི་དྲོའི་ཆུ་ཚོད་ ༧།༣༠ ཐོག་སྐུའི་གཅུང་མོ་བཀའ་ཟུར་ལྷ་སྐུ་རྗེ་བཙུན་པདྨ་མཆོག་གིས་ལོ་ངོ་ ༤༢ ལྷག་གི་རིང་ལ་ང་ཚོའི་བུ་ཕྲུག་སྟོང་ཕྲག་མང་པོའི་ཆེད་སྐུལ་ངལ་འཛེམས་མེད་བསྐྱོན་ཡོད་པར་ཡུ་རོབ་བོད་སློབ་ཁག་ཐུན་མོང་གིས་བཀའ་དྲིན་རྗེས་དྲན་མཚོན་བྱེད་ཀྱི་ཤེས་རིག་སྒྲོན་མེའི་གཟེངས་རྟགས་ཕུལ་ཡོད།
གཟེངས་རྟགས་འབུལ་རྒྱུའི་མཛད་སྒོ་དེའི་ཐོག བོད་རིགས་གཞས་པ་བློ་བཟང་བདེ་ལེགས་ལགས་དང་། བློ་བཟང་ཚེ་བརྟན་ལགས་གཉིས་ཆེད་དུ་གདན་ཞུ་གནང་ཡོད་པ་དང་། གཞན་ཡང་སུད་སི་མི་མང་གི་ཟློས་གར་གྱིས་མཚོན་པའི་གཞས་པ་གཞས་མ་ཁག་གཅིག་གིས་གཞས་སྣ་འཁྲབ་སྟོན་ཞུས་རྗེས་དགོང་མོའི་ཆུ་ཚོད་ ༡༡།༣༠ ཙམ་ལ་ལས་རིམ་མཇུག་བསྡོམས་གནང་ཡོད་འདུག