༢༠༡༣ ཟླ་ ༩ ཚེས་ ༡༢ རེས་གཟའ་ཕུར་བུ།
༄༅། །འདི་གར་ཐེ་ཝན་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ཟླ་ ༩ ཚེས་ ༡༡ ཕྱི་དྲོ་ཐེ་ཝན་གྱི་དེབ་ཁང་ཆེ་ཤོས་ཤིག་ནང་ཏཱ་ཁོའོ་དཔེ་སྐྲུན་ཁང་ནས་ཨ་ཀྱཱ་བློ་བཟང་ཐུབ་བསྟན་རང་རྣམ་ཞེས་པའི་ཉེ་རབས་ལོ་རྒྱུས་ཀྱི་དེབ་གཅིག་དབུ་འབྱེད་མཛད་སྒོ་ཚོགས་ཡོད། མཛད་སྒོའི་ཐོག་ཏཱ་ཁོའོ་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་འགན་འཛིན་གཞོན་པ་སྐུ་ཞབས་ཐང་ལགས་ཀྱིས་དཔེ་དེབ་པར་སྐྲུན་ཞུ་དགོས་པའི་དམིགས་ཡུལ་སོགས་ངོ་སྤྲོད་གནང། དེ་ནས་རྩོམ་པ་པོ་ཨ་ཀྱཱ་རིན་པོ་ཆེ་མཆོག་གིས་རང་ཉིད་ཆུང་དུས་ཡང་སྲིད་ངོས་འཛིན་སོགས་ཀྱི་བརྒྱུད་རིམ་དང་། རིག་གནས་གསར་བརྗེའི་སྐབས་འཕྲད་པའི་དཀའ་སྡུག
རྒྱ་གཞུང་གིས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པའི་ཡང་སྲིད་ངོས་འཛིན་དང་། ལྷག་པར་གསེར་བུམ་དཀྲུགས་པའི་སྔ་རྗེས་ཀྱི་གནས་ཚུལ་ཕྱིར་བསྒྲགས་མེད་པ་ཁག་ངོ་སྤྲོད་ཞིབ་ཕྲ་གནང་། དེ་རྗེས་མཛད་སྒོའི་ཐོག་ཏཱ་ཁོའོ་དཔེ་སྐྲུན་ཁང་ནས་གདན་ཞུ་གནང་བའི་སྐུ་མགྲོན་ཐེ་ཝན་གྲོས་ཚོགས་འཐུས་མི་ལྕམ་ཤའོ་མེའི་ཆིང་ལགས་དང་། བོད་གཞུང་ཐེ་ཝན་སྐུ་ཚབ་དོན་ཁང་གི་དྲུང་ཆེ། ཏུང་ཧྲན་མཐོ་སློབ་ཀྱི་སློབ་སྤྱི། ཐེ་ཝན་ནང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སེམས་ཁུར་མཐུན་ཚོགས་འགན་འཛིན་སྐུ་ཞབས་ཡཱང་ཤན་ཧུང་ལགས་སོགས་ཀྱིས་གསུང་བཤད་གྲུབ་རྗེས་མཛད་སྒོ་གྲོལ། ཨ་ཀྱཱ་རིན་པོ་ཆེས་ཆུ་ཚོད་གཉིས་ཙམ་རིང་དཔེ་དེབ་བླུ་ཡོན་ཞུ་མཁན་རྣམས་ཀྱི་དཔེ་དེབ་ཐོག་མཚན་རྟགས་བཀོད་གནང་།
ཨ་ཀྱཱ་རིན་པོ་ཆེ་མཆོག་གི་རང་རྣམ་ཐོག་མར་ཨ་རི་ཁུལ་ནས་དབྱིན་ཡིག་དང་། དེ་རྗེས་སོག་པོའི་ཡིག་རིགས་ཐོག་པར་སྐྲུན་ཞུས་ཡོད་པ་རེད། རྒྱ་ཡིག་པར་གཞིའི་ནང་དོན་ནི་དབྱིན་ཡིག་གི་ནང་དོན་ལས་རྒྱས་པ་ཡོད་པ་དང་། ཁྱོན་ས་བཅད་ཆེ་བ་བཅོ་ལྔ་དང་ཤོག་གྲངས་ ༥༧༠ ཙམ་ཡོད་པ་རེད། ནང་དོན་གཙོ་བོ་ནི་ཨ་ཀྱཱ་རིན་པོ་ཆེ་མཆོག་སྐུ་ན་ཆུང་དུས་ཡང་སྲིད་ངོས་འཛིན་ནས་བཟུང་། བར་དུ་རིག་གནས་གསར་བརྗེ་སོགས་ཀྱི་བརྒྱུད་རིམ། དེ་རྗེས་རྒྱ་ནག་དཔོན་རིགས་ཀྱི་གོ་གནས་དང་། མཐའ་མ་སྐྱབས་བཅོལ་དུ་ཕེབས་དགོས་པའི་དངོས་བྱུང་ལོ་རྒྱུས་ཞིབ་ཕྲ་བྲིས་ཡོད་པ་མ་ཟད། རྒྱ་གཞུང་གིས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་སོགས་ཕྱི་རོལ་ནས་ཤེས་རྟོགས་བྲལ་བའི་ནང་ཁུལ་གནས་ཚུལ་མང་པོ་ཐེར་འདོན་གནང་ཡོད་པ་དེས། ཉེ་རབས་ལོ་རྒྱུས་ཀྱི་གལ་ཆེའི་ཡིག་ཆ་ཞིག་ཆགས་ཡོད་འདུག