༢༠༡༣ ཟླ་ ༩ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢༣ རེས་གཟའ་ཟླ་བའི་ཉིན་ཞུགས་སྒར་ཕོ་བྲང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག་རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དང་ཡང་སྟེང་རིན་པོ་ཆེ་མཆོག སྐུ་མགྲོན་དུ་གདན་ཞུས་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཙོས་བླ་སྤྲུལ་དགེ་བཤེས་སོགས་ནང་པའི་གཞུང་ལུགས་རབ་བྱམས་ལ་མཁྱེན་ཆུབ་ལྡན་པའི་མཁས་དབང་མི་གྲངས་ ༨ འདུ་འཛོམས་ཀྱིས། ནང་པའི་གཞུང་ལས་བཤད་པའི་ཚན་རིག་དང་ལྟ་གྲུབ་ཀྱི་རྣམ་གཞག་ཀུན་ལས་བཏུས་པའི་གླེགས་བམ་བསྐྱར་ཞིབ་མཛད་ཡོད། དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཕུགས་རྒྱང་རིང་པོའི་རླབས་ཆེན་དགོངས་གཞི་དང་དུས་ཀྱི་དགོས་མཁོར་འཚམ་པའི་ལམ་སྟོན་འོག །སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་ནས་རྩོམ་སྒྲིག་གི་ལས་རིམ་ཡོངས་རྫོགས་ལ་གཟིགས་རྟོག་དང་། རྩོམ་འབྲིའི་བྱ་བ་མཇུག་མ་བསྒྲིལ་བར་བགྲོ་གླེང་སྔ་ཕྱི་ཚང་མའི་གཙོ་སྐྱོང་དང་མཐུན་འགྱུར། རྩོམ་སྒྲིག་པ་རྣམས་ཀྱི་འཚོ་བའི་མཐུན་རྐྱེན་གྱིས་མཚོན་གང་ཅིའི་འགྲོ་གྲོན་ཆ་ཚང་ནར་གཏོང་གནང་བ་སོགས་ཐུགས་ཁུར་ཚད་མེད་གནང་ཞིང་། གདན་ས་ཆེན་པོ་གསུམ་གྱི་མཁས་དབང་དགེ་བའི་བཤེས་གཉེན་དུ་མས་རྩོམ་གཞིའི་ལུང་ཁུངས་འཚོལ་སྡུད་དང་།
སྐབས་དུ་མར་བགྲོ་གླེང་དཔྱད་བསྡུར་གནང་ཞིང་། སྐུའི་གསུང་བསྒྱུར་མཁས་དབང་དགེ་བཤེས་ཐུབ་བསྟན་སྦྱིན་པ་མཆོག་གིས་གླེགས་བམ་འདི་དག་གི་སྔོན་གླེང་ཞིབ་རྒྱས་རྩོམ་འབྲི་གནང་བ་དང་འབྲེལ་དེང་རབས་ཀྱི་ལུགས་དང་བསྟུན་ཏེ། རྩ་བའི་སྒྲོམ་གཞི་བསྐྱར་བཅོས་ཀྱིས་དཀར་ཆག་ལེགས་སྒྲིག་དང་། སྐབས་སོ་སོའི་དབུ་དང་དེ་བཞིན་དུ་བརྗོད་དོན་ཆེ་ཁག་ཁག་ཅིག་གི་དབུར་མཚམས་སྦྱོར་དང་ངོ་སྤྲོད་ཀྱི་བཤད་པ། ཚིག་དོན་ཁག་ལ་སྐབས་བསྟུན་སྣོན་འཕྲི་དང་བསྒྱུར་བཅོས་སོགས་རོགས་དོན་རྒྱ་ཆེར་གནང་བ་དང་། རྩོམ་སྒྲིག་འགན་འཛིན་ཚོགས་ཆུང་གི་ཚོགས་མི་དགེ་བཤེས་ཐུབ་བསྟན་དཔལ་བཟང་སོགས་ནས་ཞུ་དག་དང་སྐབས་བསྟུན་སྣོན་འཕྲི་གང་དགོས་ཀྱི་དགོངས་འཆར་ལྷུག་པོར་གནང་བ་དང་། རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་ནས་བགྲོ་གླེང་སྔ་ཕྱིའི་རགས་ཟིན་དེབ་གཟུགས་དང་མཐའ་མའི་དེབ་གཟུགས་ཇུས་འགོད་དང་། ༸རྒྱལ་བའི་གཟིམས་ཆུང་དཔེ་མཛོད་དང་། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་དཔེ་མཛོད་ཁང་། རྡ་ས་བོད་ཀྱི་དཔེ་མཛོད་ཁང་། ས་རཱ་མཐོ་སློབ་ཀྱི་དཔེ་མཛོད་བཅས་ནས་ཕྱག་དཔེ་གང་དགོས་སྐབས་འཕྲལ་གཡར་པོ་གནང་བ་དང་། ཁྱད་པར་དུ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ནས་རྩོམ་སྒྲིག་པ་རྣམས་ཀྱི་སྡོད་ཤག་དང་འཚོ་ཆས་གོ་སྒྲིག་གང་དགོས་གནང་བ་བཅས་འབྲེལ་ཡོད་རྣམ་པའི་ཕྱར་གྲུ་མཉམ་འདེགས་ཀྱི་ཐུགས་ཁུར་ཚད་མེད་གནང་བ་དང་། རྩོམ་སྒྲིག་པ་རྣམས་ནས་ལོ་ངོ་གསུམ་གྱི་རིང་ངལ་བ་ལྷུར་ལེན་བྱས་པའི་འབྲས་བུར་ཀུན་བཏུས་ཆེན་མོའི་གླེགས་བམ་འདི་ཉིད་ལེགས་པར་གྲུབ་པ་ཡིན་འདུག